སྣེ་བཞི་གཞི་གཅིག་གིས་སྐྱེ་ཁམས་ཕྱུགས་ལས་གཏིང་ཟབ་ཏུ་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གྱི་ནུས་པ་ཐོན་པ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-06-13   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།

དར་རྒྱས་ཆེ་བའི་ཕྱུགས་ལས་ནི་དེང་རབས་ཞིང་ལས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་ཞིང་། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་ནི་རང་ཞིང་གི་ཕྱུགས་ལས་དར་རྒྱས་སུ་འགྲོ་བའི་ཐབས་ལམ་ཉག་ཅིག་ཡིན། མཚོ་སྔོན་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཕན་འབྲས་གཉིས་ལྡན་གྱི་འཕེལ་རྒྱས་ཀྱི་ལམ་ཞིག་ཏུ་བསྙེག་དགོས་ན། ངེས་པར་དུ་གཟན་རྩྭའི་ཐོན་ལས་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་བྱ་དགའ་དང་ཁ་གསབ་སྟེར་བའི་ནང་རྐྱེན། ཕྱུགས་ལས་པའི་གཏན་སྡོད་བཟོ་སྐྲུན། སྐྱེ་ཁམས་ཕྱུགས་ལས་ཀྱི་འཛུགས་སྐྲུན་བཅས་སྣེ་བཞི་གཞི་གཅིག་མཉམ་དུ་འཕེལ་རྒྱས་སུ་གཏང་དགོས།

གཅིག མཚོ་སྔོན་ནི་གཙང་གསུམ་འབྱུང་ཡུལ་གྱི་མགོ་ཁུངས་སུ་གནས་ཤིང་། རང་རྒྱལ་གྱི་ཆེས་གལ་ཆེ་བའི་སྐྱེ་ཁམས་བྱེད་ནུས་ས་ཁུལ་ཡིན་པས། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པར་དམིགས་བསལ་གྱི་འཐབ་ཇུས་དོན་སྙིང་ལྡན་ལ། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་མ་ཟད་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་འཇགས་ལའང་ཡར་སྐུལ་གྱི་ནུས་པ་ཐོན་བཞིན་ཡོད།

ཉེ་བའི་ལོ་འགའི་རིང་། རང་ཞིང་གི་འབྲོག་ཁུལ་གྱི་མི་གྲངས་ཇེ་མང་དུ་སོང་བ་དང་། ཕྱུགས་ཟོག་གི་ཁ་གྲངས་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་བའི་དབང་གིས་རང་བྱུང་རྩྭ་སའི་ཚད་བརྒལ་ཕྱུགས་ཟོག་བརྒྱ་ཆའི་ལྔ་བཅུའི་ཡན་ལ་བསླེབས་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་གྱི་བརྒྱ་ཆའི་དགུ་བཅུའི་ཡན་གྱི་རྩྭ་སར་ཚད་མི་འདྲ་བའི་ཞན་འགྱུར་སྣང་ཚུལ་བྱུང་ཡོད་པ་དང་། ཕྱུགས་ལས་ཀྱི་ཐོན་སྐྱེད་ཚད་ཇེ་ཉུང་དུ་སོང་སྟེ་འབྲོག་པའི་ཡོང་འབབ་འཕར་ཚད་ཇེ་དལ་ཡིན་སྟབས་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྗེས་སུ་ལུས་ཡོད། ཞོར་དུ་ཁྱིམ་ཚང་རེ་རེས་བདག་གཉེར་བྱེད་པའི་ཆ་རྐྱེན་འོག ཐོན་སྐྱེད་དང་ཚོང་ར་འབྲེལ་མཐུད་གང་བཟང་བྱེད་དཀའ་བ་དང་། འབྲོག་ཁྱིམ་དང་ཚོང་ར་ཆེན་མོའི་བར་གྱི་འགལ་བ་འབུར་དུ་ཐོན་ནས། སྲོལ་རྒྱུན་གྱི་ཁ་ཐོར་རྣམ་པའི་བདག་གཉེར་ཀྱི་ཞན་ཆ་ཉིན་རེ་བཞིན་མངོན་གསལ་དུ་འགྱུར་བཞིན་ཡོད།

ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཐིན་ཀྲང་ཀྲང་ཧོང་ཡོན་གྱིས་གསར་འགོད་པར་བཤད་རྒྱུར། རྨང་གཞི་དང་རྒྱབ་སྐྱོར་དེ་འདྲའི་འོག འབྲོག་པའི་ཡོང་འབབ་ཐབས་ལམ་རྒྱ་བསྐྱེད་པ་དང་འཚོ་བའི་རྒྱུ་སྤུས་མཐོར་འདེགས་བྱེད་པ། འབྲོག་ཁུལ་གྱི་དཔལ་འབྱོར་དར་རྒྱས་སུ་གཏོང་བསམ་ན། ཐབས་ལམ་ཉག་གཅིག་ནི་ཤུགས་ཆེན་པོས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཕྱུགས་ལས་ཐོན་སྐྱེད་ཀྱི་ཚད་ཇེ་མཐོར་བཏང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཀྱི་འཕེལ་རྒྱས་བགྲོད་ལམ་ཞིག་གསར་དུ་བཏོད་ན། ད་གཟོད་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱུགས་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ། དེ་ནི་ཀྲུང་དབྱང་གི་བོད་ཁུལ་བྱ་བའི་བྱེད་ཕྱོགས་སྲིད་ཇུས་ལག་ལེན་མཐར་ཕྱིན་དང་དངོས་འབེབ་བྱེད་པའི་ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་དང་དངོས་ཡོད་ཀྱི་དགོས་གལ་རང་བཞིན་ལས་བྱུང་བ་ཞིག་ཀྱང་ཡིན།

ཐོན་ཁུངས་གནས་བབ་ལ་གཞིགས་ན། རང་ཞིང་གི་མངའ་ཁོངས་སུ་རྩྭ་སའི་ཐོན་ཁུངས་རྒྱ་ཆེན་པོ་ཡོད་པར་མ་ཟད་དངོས་རིགས་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པ་ཡོད། ཞིང་ཆེན་ཡོངས་ཀྱི་ནོར་གནག་གསོ་ཚད་འཛམ་གླིང་ནོར་གནག་གི་སྤྱི་གྲངས་ཀྱི་བརྒྱ་ཆའི་སོ་བརྒྱད་ཟིན་པ་དང་། བོད་ལུག་གིས་རྒྱལ་ཡོངས་ཀྱི་བརྒྱ་ཆའི་སོ་གཉིས་ཟིན་ཡོད་པས། འཛམ་གླིང་ནོར་གནག་གི་ཕ་ས་དང་ཀྲུང་གོའི་བོད་ལུག་གི་ལྟེ་བ་ལྟ་བུ་ཡིན་པ་དང་། རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་ནོར་གནག་དང་བོད་ལུག་གི་རྒྱུད་སྤེལ་རྟེན་གཞི་དང་སྤུས་ལེགས་སྐམས་ཤ་དང་ལུག་ཤ། སྤུས་ལེགས་ནོར་ཁུལ་དང་ས་གདན་ཐོན་སྐྱེད་རྟེན་གཞི་བཅས་ཡིན་པར་མ་ཟད། རང་རྒྱལ་གྱི་ཆེས་ཆེ་བའི་སྐྱེ་ལྡན་ཕྱུགས་ལས་ཐོན་སྐྱེད་ཀྱི་རྟེན་གཞི་ཞིག་ཀྱང་ཡིན། སྐྱེ་ཁམས་ཕྱུགས་ལས་ཀྱི་འཛུགས་སྐྲུན་ལ་བརྟེན་ནས་ཚན་རྩལ་གསར་བསྐྲུན་མངོན་འགྱུར་བྱེད་པ་དང་། ཕྱུགས་ལས་ཐོན་ཁུངས་ཀྱི་ཁྱད་སྟོབས་དེ་དཔལ་འབྱོར་ཁྱད་སྟོབས་སུ་བསྒྱུར་ཏེ། མཚོ་སྔོན་མཐོ་སྒང་གི་ཁྱད་ཆོད་ལྡན་པའི་ཕྱུགས་ལས་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྙེག་པར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ལྡན།

གཉིས། 2008ལོར། རང་ཞིང་གིས་རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ཤིང་། ཚན་རིག་དང་མཐུན་པར་ལུགས་མཐུན་གྱིས་རྩྭ་སའི་ཐོན་ཁུངས་བེད་སྤྱོད་བྱེད་པ་རྨང་གཞིར་བྱེད་པ་དང་། ཆེད་ལས་མཉམ་ལས་ཀྱི་དཔལ་འབྱོར་རྩ་འཛུགས་འཛུགས་སྐྲུན་བྱེད་པ་གནད་སར་བཟུང་སྟེ། ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་བདུན་ནས་ཚོད་ལྟའི་བྱ་བ་སྤེལ་ནས། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལ་ཡར་སྐུལ་བྱེད་པའི་ཡོལ་བ་དལ་གྱིས་ཕྱེས། མིག་སྔའི་བར་དུ་ཞིང་ཆེན་ཡོངས་ཀྱི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་བརྒྱད་བརྒྱ་དང་སོ་བརྒྱད་ནས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་པ་དང་། རོང་མ་འབྲོག་གི་སྡེ་བ་དོན་བརྒྱད་ནས་མཉམ་ལས་ཁང་བཙུགས་ཡོད་ལ། འབྲོག་ཁུལ་སྲིད་འཛིན་སྡེ་བའི་སྤྱི་གྲངས་ཀྱི་བརྒྱ་ཆའི་ང་བརྒྱད་དང་གྲངས་ཆུང་གསུམ་ལྔ་ཟིན་ཡོད།

ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཏོན་པའི་འཕེལ་རྒྱས་བསམ་ཕྱོགས་ལྟར་དུ། རང་ཞིང་གི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་སོ་སོས་འབྲོག་པའི་རྩ་འཛུགས་ཅན་གྱི་ཚད་ཇེ་མཐོར་གཏོང་བ་དང་གཞི་རྒྱ་ངེས་ཅན་ལྡན་པའི་ཚོང་གཉེར་ལ་ཡར་སྐུལ་བྱེད་པ་ནས་མགོ་བརྩམས་ཤིང་། ཕྱུགས་ཟོག་དང་རྩྭ་ས་སོགས་ཐོན་ཁུངས་ལ་ལེགས་སྒྲིག་བྱས་པ་དང་། གཅིག་གྱུར་གྱིས་ཕྱུགས་འཚོ་བ་དང་གཅིག་གྱུར་གྱིས་བདག་གཉེར་བྱེད་པ། གཅིག་གྱུར་གྱིས་དོ་དམ་བྱེད་པ་བཅས་བྱས་ཏེ། ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཇེ་མཐོར་བཏང་། ཞོར་དུ་ཤུགས་ཆེན་པོས་ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བའི་བཟོ་སྐྲུན་ལག་བསྟར་བྱས་པ་དང་། ནོར་གནག་ར་ནས་གསོ་བ་དང་བོད་ལུག་གི་ཕན་འབྲས་མཐོ་བའི་གསོ་སྤེལ་ཆ་ཚང་ལག་རྩལ་ཁྱབ་གདལ་དུ་བཏང་སྟེ། ཐོན་སྐྱེད་མི་ཐུབ་པའི་ཕྱུགས་ཟོག་ཕྱིར་འཚོང་བའི་ཤུགས་ཚད་ཇེ་ཆེར་བཏང་བས། གསོ་སྤེལ་ཕན་འབྲས་དང་བདག་གཉེར་ཕན་འབྲས། སྐྱེ་ཁམས་ཕན་འབྲས་བཅས་རིམ་བཞིན་མངོན་གསལ་དུ་གྱུར་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྐྱེ་ཁམས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་འགྲོ་བའི་ཕྱུགས་ལས་ཐོན་སྐྱེད་ཀྱི་རྣམ་པ་གསར་བ་ཐོག་མར་ཆགས།

གཟན་ཆས་ཀྱི་ཐོན་སྐྱེད་དང་ལས་སྣོན། ཞིབ་འཇུག་གསར་སྤེལ། རྒྱུ་སྤུས་ལྟ་ཞིབ་ཚད་འཇལ་བཅས་གཞི་གཅིག་ཏུ་གྱུར་བའི་གཟན་ཆས་བཟོ་ལས་མ་ལག་འཛུགས་ཆེད། ཞིང་ཆེན་ཡོངས་ཀྱིས་སྔ་གཞུག་ཏུ་ཕྱུགས་བསྐྱུར་རྩྭ་འདེབས་དང་གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན། མཚོ་སྔོན་པོའི་ཆུ་ཁོངས་ས་ཁུལ་དང་ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་སོགས་སྐྱེ་ཁམས་བཟོ་སྐྲུན་སྐོར་ཞིག་ལག་བསྟར་བྱས་པ་དང་། རིམ་བསགས་ཀྱིས་རྩྭ་ས་མུའུ་ཁྲི་གཅིག་དང་སྟོང་དྲུག་ལྷག་ལ་ལྕགས་ར་བསྐོར་བ་དང་། ཞན་འགྱུར་རྩྭ་ས་མུའུ་བྱེ་བ་གཉིས་དང་ས་ཡ་བདུན་འབུམ་གསུམ་ཁྲི་བརྒྱད་ལ་རྩྭ་གཟབ་འདེབས་བྱེད་པ་ཡོངས་འགྲུབ་བྱས་པར་མ་ཟད། རྩྭ་ས་མུའུ་ས་ཡ་ལྔ་དང་ཁྲི་བདུན་ལྷག་གི་དུག་རྩྭ་བཅོས་སྐྱོང་བྱས། ཞོར་དུ་ཞིང་ཆེན་ཡོངས་སུ་ལོ་རེར་མུའུ་ས་ཡ་གཉིས་ནས་གསུམ་གྱི་མྱུར་ཚད་ཀྱིས་མིས་ཐབས་ཀྱིས་འདེབས་འཛུགས་བྱས་པའི་རྩྭ་ས་འཛུགས་སྐྲུན་བྱས་ཏེ། ཤར་ཕྱོགས་ཞིང་ལས་ས་ཁུལ་གྱི་གཟན་ཆས་དང་འདྲེས་སྦྱོར་གཟན་ཆས་ཀྱི་ཐོན་སྐྱེད་རྟེན་གཞི་དང་། མཚོ་བསྐོར་ས་ཁུལ་གྱི་གཟན་རྩྭའི་ལས་སྣོན་རྟེན་གཞི། ཚ་འདམ་གཞུང་གི་སྲན་མའི་གཟན་ཆས་ཐོན་སྐྱེད་ལས་སྣོན་རྟེན་གཞི་བཅས་ཀྱི་འཕེལ་རྒྱས་རྣམ་པ་ཕལ་ཆེར་ཆགས།

མཁར་གྲོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་ཆེད། ཉིས་སྟོང་དགུ་ལོ་ནས་བཟུང་རང་ཞིང་གིས་ནོར་སྲིད་ཐད་ནས་ཁ་གསབ་སྟེར་བ་དང་ཁྲལ་དངུལ་ཇེ་ཉུང་དུ་གཏོང་བ། ཁ་གསབ་ཀྱི་ཚབ་ཏུ་བྱ་དགའ་སྟེར་བ། དངུལ་བུན་བསྐྱིས་ན་སྐྱེད་ཀ་མི་དགོས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། འབྲོག་པའི་གཏན་སྡོད་བཟོ་སྐྲུན་འཛུགས་སྐྲུན་ལ་ཡར་སྐུལ་བྱས་ནས་འབྲོག་པ་དག་མཁར་གྲོང་དུ་གནས་སྤོར་དང་གཅིག་བསྡུས་ཀྱིས་གཏན་སྡོད་བྱེད་པར་སྣེ་ཁྲིད་བྱས། བཟོ་སྐྲུན་ལག་བསྟར་བྱས་པའི་ཚུན་ལ། ཞིང་ཆེན་ཡོངས་ནས་ཁྱིམ་ཚང་འབུམ་གཅིག་དང་སྟོང་དགུ་ལྷག་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། མིག་སྔར་བཟོ་སྐྲུན་དེས་ཁྱིམ་ཚང་འབུམ་གཅིག་ལྷག་ཡོངས་འགྲུབ་བྱས་ཤིང་། དེའི་ནང་རྫོང་མཁར་དང་ཞང་གྲོང་ནས་གཏན་སྡོད་གཞིས་ཁུལ་བརྒྱ་དང་དོན་གསུམ་འཛུགས་སྐྲུན་བྱས་པ་དང་། གཏན་སྡོད་ཁྱིམ་ཚང་ཁྲི་ལྔ་དང་སྟོང་གཉིས་ལྷག་ལ་བསླེབས། དེའི་རྨང་གཞིའི་སྟེང་ད་རུང་རྩྭ་ཐང་དུ་རས་གུར་སྟེར་བའི་འགུལ་སྐྱོད་སྤེལ་ཏེ། ཁྱིམ་ཚང་ཁྲི་གསུམ་དང་སྟོང་དགུ་ལྷག་ལ་རས་གུར་དང་འཁྱེར་བདེ་བའི་བརྙན་འཕྲིན་སོགས་འཚོ་བའི་སྒྲིག་ཆས་བྱིན་ནས། འབྲོག་པ་གཏན་སྡོད་བྱས་རྗེས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱས་པ་དང་། འབྲོག་ཁུལ་གྱི་ངལ་རྩོལ་པ་ལྷག་མ་གནས་གཞན་དུ་བསྒྱུར་བར་ཡར་སྐུལ་བྱས།

རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཆད་གཅོད་དང་བྱ་དགའ་སྟེར་བའི་ནང་རྐྱེན་ནན་ཏན་གྱིས་དངོས་འབེབས་བྱས་ཏེ། ཞིང་ཆེན་ཡོངས་ནས་གཞི་རྩའི་རྩྭ་ས་མུའུ་དུང་ཕྱུར་གཉིས་དང་བྱེ་བ་བཞི་ལྷག་གཏན་འཁེལ་བྱས་པ་དང་། བེད་སྤྱོད་བྱས་ཆོག་པའི་རྩྭ་སའི་བརྒྱ་ཆའི་ང་གཅིག་ཟིན་ཡོད་ལ། རྩྭ་སའི་འགན་ལེན་བདག་གཉེར་དབང་ཆ་ཡོད་ཚད་ཁྱིམ་ཚང་ལ་འགན་གཙང་ལེན་བྱེད་དུ་བཅུག ལོ་འགའི་རིང་ལ། ཞིང་ཆེན་ཡོངས་སུ་རྩྭ་སའི་སྐྱེ་ཁམས་དོ་དམ་མཁན་སྟོང་དགུ་བཞི་བརྒྱ་གྱ་དགུ་ཡི་གདན་ཞུ་བྱ་བ་ཡོངས་འགྲུབ་བྱས་པ་དང་། བསྡོམས་པས་ཕྱུགས་ཟོག་ས་ཡ་ལྔ་དང་འབུམ་བདུན་ཇེ་ཉུང་དུ་བཏང་ནས་རྩྭ་སའི་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་སླར་གསོ་དང་ལེགས་བཅོས་ཐོབ་ཡོད། ཞིང་ཆེན་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ལ་ལྟ་ཞིབ་ཚད་འཇལ་བྱས་པ་ལྟར་ན། ཉིས་སྟོང་བཅུ་གསུམ་ལོར་རང་བྱུང་རྩྭ་སའི་རྩྭ་སྔོན་གྱི་ཆ་སྙོམས་ཐོན་ཚད་དང་སྤང་ཤུན་གྱི་ཆ་སྙོམས་ཁེབས་ཚད། རྩྭའི་མཐོ་ཚད་བཅས་སོ་སོར་ཉིས་སྟོང་བཅུ་གཅིག་ལོ་ལས་སྤྱི་རྒྱ་ཉིས་བརྒྱ་ཉེར་ལྔ་ལྷག་དང་། བརྒྱ་ཆའི་གྲངས་གནས་གསུམ་དང་གྲངས་ཆུང་གཅིག ལིས་སྨི་གཉིས་དང་གྲངས་ཆུང་བདུན་བདུན་བཅས་ཇེ་མཐོར་སོང་ཡོད།

གསུམ། སྣེ་བཞི་གཞི་གཅིག་ཅན་རྒྱུན་འཁྱོངས་བྱས་ཤིང་། ཕྱོགས་བསྡུས་ཀྱིས་འཐབ་ཇུས་ལག་བསྟར་དང་གཅིག་གྱུར་བཀོད་འདོམ་ལ་ཡར་སྐུལ་བྱེད་པ་ནི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལ་ཡར་སྐུལ་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པ་དང་། འབྲོག་ཁུལ་མགྱོགས་ཤིང་མྱུར་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་བའི་བྱ་བའི་གནད་ས་ཡང་རེད། ལག་ལེན་ལས་ར་སྤྲོད་བྱུང་བ་ལྟར་ན། གཟན་ཆས་ཐོན་ལས་འཕེལ་རྒྱས་སུ་བཏང་བ་ལས་ཕྱུགས་ལས་འཕེལ་རྒྱས་ཀྱི་རྨང་གཞི་བསྐྲུན་པ་དང་། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཆད་གཅོད་དང་བྱ་དགའ་སྟེར་བའི་ནང་རྐྱེན་ལས་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བཙུགས་ཡོད་ལ། འབྲོག་པའི་གཏན་སྡོད་བཟོ་སྐྲུན་གྱིས་འབྲོག་ཁུལ་གྱི་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།

ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་དབུ་བཞུགས་ཕྱུགས་ཟོག་སྨན་པ་ཅོ་ཞའོ་ལུའུ་ཡིས་མཚམས་སྦྱོར་བྱས་དོན། ད་ལྟ་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོས་མ་རྐང་ལམ་ལུགས་དང་ཁྱིམ་ཚང་མཉམ་འབྲེལ་ལམ་ལུགས། གཞིས་ཆེན་ལམ་ལུགས། ཚབ་འཚོ་ལམ་ལུགས་སོགས་ས་ཁུལ་མི་འདྲ་བར་འཚམ་པའི་འཛུགས་སྐྲུན་རྣམ་པ་འཚོལ་ཞིབ་བྱས་ཏེ་ལེགས་འགྲུབ་བྱུང་ཡོད་ཅིང་། རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་སྐྲུན་བྱས་ཏེ། འབྲོག་ཁུལ་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། དཔལ་འབྱོར་གྱི་འཕེལ་སྟངས་བསྒྱུར་བ། སྐྱེ་ཁམས་དཔལ་འབྱོར་སྔོན་བསྐྱོད་ཁུལ་གྱི་འཛུགས་སྐྲུན་བཅས་ལ་ཡར་སྐུལ་བྱེད་པར་སྒུལ་ཤུགས་འདོན་སྤྲོད་བྱས། ཞོར་དུ་རྒྱུད་བཟང་ཕྱུགས་རིགས་ཁྱབ་གདལ་དུ་གཏོང་བར་སྟབས་བདེ་བཟོས་པ་དང་། ནོར་གནག་དང་བོད་ལུག་གི་རྒྱུད་འདེམ་གསོ་སྤེལ་དང་ར་མའི་རྒྱུད་འདེམ་གསོ་སྤེལ་གྱི་ཁེབས་ཚད་སྔར་ལས་ཇེ་ཆེར་སོང་ཡོད་ལ། དེས་ཁ་ཐོར་དུ་བདག་གཉེར་བྱེད་པའི་རྣམ་པ་ནས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་བདག་གཉེར་རྣམ་པར་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། གཞི་རྒྱ་ཅན་གྱི་ཕན་འབྲས་རིམ་བཞིན་མངོན་གསལ་དུ་གྱུར།

མིག་སྔར། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དགུ་བརྒྱ་རེ་གཅིག་ལ་ཞུགས་པའི་ཁྱིམ་ཚང་འབུམ་གཅིག་དང་ཁྲི་གཅིག་ལྷག་ལ་བསླེབས་པ་དང་། སྡེ་བའི་འབྲོག་ཁྱིམ་སྤྱི་གྲངས་ཀྱི་བརྒྱ་ཆའི་རེ་གསུམ་ཟིན་ཡོད་ལ། འབྲོག་པ་ཁྱིམ་ཚང་མཉམ་ལས་ཁང་དུ་ཞུགས་ཚད་བརྒྱ་ཆའི་དོན་གཉིས་དང་གྲངས་ཆུང་ལྔར་བསླེབས་ཡོད། ཕྱུགས་ཟོག་ལེགས་བསྡུས་བྱས་ཚད་བརྒྱ་ཆའི་རེ་བདུན་དང་གྲངས་ཆུང་བརྒྱད་ལ་བསླེབས་ཡོད་ལ། རྩྭ་སའི་ལེགས་སྒྲིག་བྱས་ཚད་བརྒྱ་ཆའི་རེ་དྲུག་དང་གྲངས་ཆུང་དགུ་ལ་བསླེབས་ཡོད། ཞིང་ཆེན་ཡོངས་ཀྱི་ནོར་གནག་འབུམ་གཉིས་དང་ཁྲི་ལྔ་ལྷག་ལ་རྒྱུད་འདེམ་གསོ་སྤེལ་བྱས་པ་དང་། བོད་ལུག་འབུམ་ལྔ་དང་ཁྲི་གཉིས་ལྷག་ལ་རྒྱུད་འདེམ་གསོ་སྤེལ་བྱས། ཁུལ་ལྡན་ར་མ་འབུམ་ལྔ་དང་ཁྲི་བརྒྱད་ལ་རྒྱུད་བཅོས་བྱས་པར་མ་ཟད། ནོར་གནག་དང་བོད་ལུག་གི་སྤྱིའི་ཐོན་སྐྱེད་ནུས་པ་བརྒྱ་ཆའི་ཉེར་ལྔ་ཡས་མས་ཇེ་མཐོར་སོང་།

ཕྱུགས་འཚོ་མཚམས་བཞག་ཀྱང་ཕྱུགས་གསོ་མཚམས་མི་འཇོག་པ་དང་། ཕྱུགས་ཟོག་ཇེ་ཉུང་དུ་བཏང་ཡང་ཐོན་སྐྱེད་དང་ཡོང་འབབ་ཇེ་དམའ་རུ་མི་འགྲོ་བའི་སྤྱིའི་རེ་བ་ལྟར། རང་ཞིང་གིས་རྩྭ་སར་བལྟས་ནས་ཕྱུགས་ཟོག་གི་ཁ་གྲངས་ཐག་བཅད་དེ་ཕྱུགས་ཟོག་གི་གྲུབ་ཚུལ་མྱུར་མོར་ལེགས་སྒྲིག་བྱས་ནས། ཕྱུགས་ཟོག་ཚད་ལས་བརྒལ་བའི་རྩྭ་སར་བདག་སྐྱོང་བཟང་བོ་ཐོབ་པ་དང་། ས་ཁུལ་རེ་འགའི་རྩྭ་སའི་སྤང་ཤུན་གྱི་ཁེབས་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་སོང་། ནོར་ལུག་གི་གསོ་སྤེལ་ས་ཁུལ་ཆུང་བ་འཛུགས་སྐྲུན་བྱས་ཏེ། ལྷས་རའི་གསོ་སྤེལ་འཕེལ་རྒྱས་སུ་བཏང་ནས་རང་བྱུང་རྩྭ་སའི་གནོན་ཤུགས་ཇེ་ཡང་དུ་བཏང་།

ངལ་རྩོལ་པ་ལྷག་མ་གནས་གཞན་དུ་བཀོལ་བའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། འབྲོག་པ་མང་ཚོགས་མཁར་གྲོང་དང་གཞུང་ལམ་འགྲམ་བརྒྱུད་དུ་གཏན་སྡོད་བྱེད་པར་སྣེ་ཁྲིད་བྱེད་པ་དང་། བཟོ་རྩལ་ཐོན་རྫས་ལས་སྣོན་དང་། རྩམ་པ། ཤ་སྐམ་ལས་སྣོན་སོགས་ཀྱི་ཐོན་ལས་གཉིས་པ་དང་གསུམ་པ་འཕེལ་རྒྱས་སུ་བཏང་སྟེ། འབྲོག་ཁུལ་གྱི་ཐོན་ལས་གྲུབ་ཚུལ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་ནི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་དང་འབྲོག་པའི་གཏན་སྡོད་བཟོ་སྐྲུན་ཟུང་དུ་སྦྲེལ་རྗེས་ཐོན་པའི་ཆེས་བཟང་བའི་གྲུབ་འབྲས་རེད། ཅོ་ཞའོ་ལུའུ་ཡིས་བཤད་རྒྱུར། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱས་པ་ལས་རོང་འབྲོག་ཁུལ་དང་། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་ཡོང་སྒོ་འཕར་བའི་ཐབས་ལམ་སོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། རྒྱུད་བཟང་ཕྱུགས་རིགས་དང་སྤུས་ལེགས་གཟན་ཆས། ལག་རྩལ་བཟང་བོ་བཅས་ཕན་ནུས་ལྡན་པའི་སྒོ་ནས་ཁྱབ་གདལ་དུ་བཏང་ནས། ཕྱུགས་ལས་ཐོན་སྐྱེད་ཀྱི་ཕན་འབྲས་མངོན་གསལ་གྱིས་ཇེ་མཐོར་སོང་།

སྐྱེ་ཁམས་ཕྱུགས་ལས་ཀྱི་འཛུགས་སྐྲུན་ལས་སྔོན་ཆད་ཕྱུགས་ལས་གཙོ་བོ་ཡིན་པ་དང་ལེགས་བསྡུས་ཞིབ་གཉེར་ཕལ་བར་བྱེད་པའི་ཡོང་འབབ་རྣམ་པ་དེ་བསྒྱུར་ནས། ཕྱུགས་ལས་ཐོན་སྐྱེད་ཀྱི་སྦས་ཤུགས་སྔོག་འདོན་བྱས་པར་མ་ཟད། ཐོན་ལས་གཉིས་པ་དང་གསུམ་པ་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱས་པ་དང་། དབུལ་ཐར་ཕྱུག་བསྒྱུར་བྱས་ཏེ་འབྱོར་འབྲིང་དུ་བསྐྱོད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་། འབྲེལ་ཡོད་སྡེ་ཁག་གིས་ཚད་འཇལ་རྩིས་ལེན་བྱས་པ་ལྟར་ན། ཉིས་སྟོང་བཅུ་གསུམ་ལོར་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་སྡེ་བའི་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་རྐྱང་སྒོར་སྟོང་བདུན་ཉིས་བརྒྱ་གོ་གཅིག་ལ་བསླེབས་པ་དང་། དུས་མཉམ་གྱི་ཞིང་ཆེནཡོངས་ཀྱི་རོང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་རྐྱང་ལས་སྒོར་སྟོང་གཅིག་དང་གོ་བཞི་ཡིས་ཇེ་མཐོར་སོང་ཡོད་ལ། ཉིས་སྟོང་བཅུ་ལོ་དང་བསྡུར་ན་སྒོར་སྟོང་གསུམ་དང་དོན་དགུ་ཡིས་ཇེ་མང་དུ་སོང་ཡོད་པ་དང་། ཆ་སྙོམས་འཕར་ཚད་བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་གཅིག་སྲུང་འཛིན་བྱས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་རིང་དུ་བརྒལ་ཡོད།

གོང་མ།:null
འོག་མ།:༄༅།།བོད་ལྗོངས་ཀྱི་འགྲིམ་འགྲུལ་བྱ་གཞག་གོང་འཕེལ་ཆེན་པོ་འགྲོ་བ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
སྣེ་བཞི་གཞི་གཅིག་གིས་སྐྱེ་ཁམ'  
༄༅།།བོད་ལྗོངས་ཀྱི་འགྲིམ་འགྲུ'  
༄༅།། གྲངས་ ཉུང་ ཡིད་ རྟོན་ དངུལ་ ƈ  
ཐེམ་ཆེན་རྫོང་སེང་གེ་ཞང་གིས་ལ'  
༄༅། །རྒྱུན་མཐུད་རུང་བའི་འབྱུང  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།