མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གིས་མི་རིགས་མཐུན་སྒྲིལ་གྱི་བྱ་འགུལ་སྤེལ་བའི་གནས་ཚུལ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-03-26   རྩོམ་གྱི་ཡོང་ཁུངས།

འཛམ་གླིང་ཡོངས་ཀྱི་དོ་སྣང་བྱ་ཡུལ་དུ་གྱུར་བའི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་ལག་བསྟར་བྱས་པའི་ཚུན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གིས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ནན་ཏན་སྒོས་ལག་བསྟར་བྱས་ཏེ། བཟོ་སྐྲུན་འཛུགས་སྐྲུན་སྟེགས་བུར་བརྩི་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི“སྐྱེ་ཁམས་བྱེད་ནུས་སྲུང་སྐྱོབ་དང་སླར་གསོ་ཡོང་བ་དང་། ས་ཁུལ་དེའི་མི་དང་རང་བྱུང་འཆམ་མཐུན་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་པ།  རོང་འབྲོག་པའི་འཚོ་བ་འབྱོར་འབྲིང་ཆུ་ཚད་དུ་བསླེབས་པར་བྱེད་པ”བཅས་ཀྱི་དམིགས་འབེན་ཆེན་པོ་གསུམ་མངོན་འགྱུར་བྱེད་པ་རང་འགན་དུ་བརྩིས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བ་སྔར་ལས་བཟང་བོར་སྒྲུབ་པའི་སྐོར་གྱི་སྤྱིའི་བཀོད་སྒྲིག་ལྟར། འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱས་པ་དང་། ཤུགས་ཕུད་དེ“བསམ་བློ་བཅིངས་འགྲོལ་དང་འབད་བརྩོན་ཡར་ཐོན། མཐུན་སྒྲིལ་ལས་བརྩོན”བཅས་ཀྱི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་ཚོགས་པ་བཙུགས་ཤིང་། རྒྱུན་མ་ཆད་པར་བྱ་བའི་དཔུང་སྡེའི་གོང་བུ་སྒྲིལ་ཤུགས་དང་འཐབ་འཛིང་ནུས་ཤུགས་ཇེ་དྲག་ཏུ་བཏང་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གཙང་གསུམ་འབྱུང་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་བྱེད་ནུས་སླར་གསོ་བཅས་ལ་སྐུལ་འདེད་བྱེད་པར་བྱས་རྗེས་ཆེན་པོ་བཞག

གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གི་བྱ་བ་ནི་གཞི་རིམ་ལ་ཁ་ཕྱོགས་པ་དང་མཚོ་སྔོན་བོད་ཁུལ་ལ་ཁ་ཕྱོགས་པ། མི་རིགས་ས་ཁུལ་གྱི་ས་ཁོངས་འཕེལ་རྒྱས་ལ་ཁ་ཕྱོགས་པའི་ཕྱོགས་བསྡུས་རང་བཞིན་གྱི་བྱ་བ་ཞིག་ཡིན་ལ། ལས་གཞི་ས་ཁུལ་དུ་བོད་རིགས་མི་གྲངས་འབུམ་དྲུག་ལ་ཉེ་བ་ཙམ་ཡོད་པ་དང་། ད་རུང་སོག་རིགས་དང་ཧོས་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཡོད། དེར་བརྟེན། ཁོ་ཚོས་ཐོག་མཐའ་བར་གསུམ་དུ“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོར་འཛུགས་པ་དང་། ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ནན་ཏན་སྒོས་ལག་བསྟར་བྱེད་པ། གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བཅས་བྱས་ན། ད་གཟོད་སྔར་ལས་ལྷག་པའི་སྒོ་ནས་རིགས་སོ་སོའི་མང་ཚོགས་ལ་བརྟེན་ནས་འགན་འཁྲི་ལག་བསྟར་བཟང་བོ་དང་བྱ་བ་བཟང་བོ་སྒྲུབ་ཏེ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལ་སྐུལ་འདེད་བྱེད་པར་རྒྱུན་མ་ཆད་པར་ཐོད་བརྒལ་གསར་བ་དང་གྲུབ་འབྲས་གསར་བ་ལེན་ཐུབ་པར་སྙམ། 

རང་སྟེང་གི་བྱ་བའི་དོན་དངོས་དང་ཟུང་དུ་འབྲེལ་ཏེ། ཁོ་ཚོས་བླང་བྱ་ནན་མོ་དང་དོ་དམ་ཚད་ལྡན་གྱི་ལས་བྱེད་མི་སྣའི་བྱ་སྤྱོད་ལ་བརྟེན་ནས། མི་རིགས་མཐུན་སྒྲིལ་གྱི་བླང་བྱ་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱས་ཤིང་། ལས་བྱེད་མི་སྣ་རེ་རེར་གཞི་རིམ་ནས་ཡོང་བའི་བློ་མཐུན་ཚང་མར་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས་བརྩི་བཀུར་དང་བྱ་བ་དྲང་བཞག་གིས་ཐག་གཅོད་བྱེད་པ། སྒོ་ཁར་བསྐྱལ་བ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་བྱ་བ་དེ་རང་གིས་སྒྲུབ་དགོས་པའི་འོས་འགན་ཞིག་ཏུ་འགྱུར་བར་བྱེད་པ་དང་། ཚང་མའི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་འགྱུར་བར་བྱེད་དགོས་པའི་རེ་བ་བཏོན་ལ། གཞི་རིམ་དང་རོང་འབྲོག་ཁུལ་དུ་སོང་ནས་བྱ་བར་ཞིབ་བཤེར་བྱེད་སྐབས། ལས་གཞི་ལག་བསྟར་སྡེ་ཁག་གི་གནས་ཚུལ་དང་རིགས་སོ་སོའི་མང་ཚོགས་ཀྱི་གནས་ཚུལ། དེ་མིན་དམངས་དོན་རྩོད་གཞི་ཐག་གཅོད་དང་མང་ཚོགས་ལ་འཚམས་འདྲི། དཀའ་ཁག་ཆེ་བའི་ཁྱིམ་ཚང་ལ་རོགས་རམ་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དེ་དཔྱད་ཞིབ་དམིགས་ཚད་ནན་མོ་ཞིག་ཏུ་བརྩི་དགོས་པའི་རེ་བ་བཏོན། བཟོ་སྐྲུན་འཛུགས་སྐྲུན་རྩ་འཛུགས་ལག་བསྟར་བྱེད་སྐབས་ངེས་པར་དུ་རིགས་སོ་སོའི་མང་ཚོགས་ལ་ཁེ་ཕན་འཚོལ་ཞིབ་དང་། ངེས་པར་དུ་རིགས་སོ་སོའི་མང་ཚོགས་ཡོངས་ཁྱབ་ཏུ་ཞུགས་པ་དང་། ངེས་པར་དུ་རིགས་སོ་སོའི་མང་ཚོགས་ཀྱི་ཐུན་མོང་གི་ལྟ་སྐུལ་དང་ལེན་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་བྱ་བ་སྣ་ཚོགས་ལ་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་ཀྱིས་ཁེངས་བར་བྱེད་པ་དང་། གོམ་གང་མདུན་སྤོས་སྒོས་རིགས་སོ་སོའི་མང་ཚོགས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་ཏེ། མི་རིགས་མཐུན་སྒྲིལ་གྱི་སྣང་བརྙན་བཟང་བོ་བསྐྲུན། 

ཉེ་བའི་ལོ་འགའི་རིང་ལ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ཁྲོད་ས་ནག་ཐང་མུའུ་འབུམ་གཅིག་ཁྲི་དགུ་ལྷག་བཅོས་སྐྱོང་བྱས་པ་དང་། རྩྭ་ས་མུའུ་དུང་ཕྱུར་གཅིག་ལྷག་གི་ཨ་བྲའི་གནོད་པ་འགོག་བཅོས་བྱས་པ། རི་རྒྱ་ནགས་གསོ་མུའུ་ས་ཡ་གཅིག་འབུམ་བརྒྱད་ལྷག་བྱས་པ། བྱེ་མ་ཅན་གྱི་ས་ཞིང་མུའུ་འབུམ་གཉིས་ཁྲི་གཉིས་ལྷག་བཅོས་སྐྱོང་བྱས་ལ། དེ་ཚང་མ་ནི་མང་ཚོགས་ཡོངས་ཁྱབ་ཏུ་ཞུགས་པ་དང་རྒྱབ་སྐྱོར་བྱས་པ་ལས་ཐོབ་པའི་འབྲས་བུ་རེད། ༢༠༠༩ལོའི་ལོ་མཇུག་གི་བར། ལས་གཞི་ས་ཁུལ་གྱི་མི་ཐེངས་འབུམ་དྲུག་ལྷག་བཟོ་སྐྲུན་འཛུགས་སྐྲུན་ཁྲོད་ཞུགས་ཏེ། ལས་གཞིའི་འཕེལ་རིམ་ལ་ནུས་ཡོད་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་པས། རྩྭ་ས་སླར་གསོ་བྱུང་བ་དང་ལྟག་ཆུ་བསྐྱིལ་གསོག་གི་ནུས་པ་སྔར་ལས་ཇེ་དྲག་ཏུ་གྱུར། 

རི་རྒྱ་ནགས་གསོ་དང་ཕྱུགས་སྐྱུར་རྩྭ་འདེབས། རྨོ་སྐྱུར་ནགས་གསོ་སོགས་ཚང་མ་ནི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆེད་དུ་ནམ་ཡང་འདོར་མི་ཐུབ་པའི་རྩྭ་ས་དོར་བ་དང་། གཞན་གྱིས་བློས་མི་ཐོངས་བའི་རང་གི་ཁེ་ཕན་བསྐྱུར་ཏེ། གནས་སྤར་རྗེས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐད་ཉམས་སད་མང་པོ་ཐེག རིམ་པ་སོ་སོའི་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གིས་མང་ཚོགས་ཀྱི་དོན་དུ་བྲེལ་བ་དང་མང་ཚོགས་ཀྱི་དོན་དུ་བསམ་བློ་བཏང་ཏེ། མང་ཚོགས་ཀྱི་ཁྲོད་དུ་སོང་ནས་བརྟག་དཔྱད་ཞིབ་འཇུག་དང་འཚོལ་ཞིབ་བྱས་ཤིང་། མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་འབྱུང་བར་བློ་འདོན་དང་རམ་འདེགས་པ་བྱས་ཏེ། ངལ་རྩོལ་ནུས་རྩལ་གསོ་སྦྱོང་དང་ཤུགས་ཕུད་དེ་ཕྱིར་གཏོང་རང་བཞིན་གྱི་ངལ་རྩོལ་འཇོན་མི་སྐྱེད་སྲིང་གི་ཡང་བསྐྱར་ལས་ཞུགས་མ་ལག་དང་། འདེབས་གསོ་དང་ཚོང་རྫས་ལས་སྣོན་ལས་རིགས་གཙོ་ཡིན་པའི་ཐོན་ལས་གསུམ་པ་གོང་དུ་སྤེལ་བ་དང་། ཤུགས་ཕུད་དེ་སྣ་མང་བདག་གཉེར་གྱི་ཆུ་ཚད་མཐོར་འདེགས་གཏོང་བའི་འཕེལ་རྒྱས་མ་ལག་རིམ་བཞིན་ཆགས་ཏེ། ཐོན་སྐྱེད་བསྒྱུར་བའི་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་འབྱུང་བར་ཐབས་ལམ་བཟང་བོ་རྙེད། རྨ་ལྷོ་དང་མགོ་ལོག མཚོ་ལྷོ་སོགས་ཁུལ་དང་གོར་མོ་གྲོང་ཁྱེར་གྱི་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གིས་སྐྱེ་ཁམས་གནས་སྤོས་ཡུལ་མིའི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་དེ་ནམ་ཡང་སེམས་སུ་དམ་པོར་བཟུང་སྟེ། ཕྱོགས་མང་པོ་ནས་བྱེད་ཐབས་སྣ་ཚོགས་སྤྱད་ཅིང་། ཐབས་ལམ་མང་པོ་འཚོལ་ཞིབ་བྱས་ནས། མི་རིགས་བཟོ་རྩལ་ཐོན་རྫས་ལས་སྣོན་དང་སྔོ་ཚོད་འདེབས་པ། འོ་མའི་ཐོན་རྫས་ལས་སྣོན་སོགས་ལས་གཞི་སྐོར་ཞིག་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གྱི་ཐབས་ལམ་བཟང་བོ་ཞིག་ཏུ་འགྱུར་བར་བྱས། 

གཙང་གསུམ་འབྱུང་ཡུལ་གྱི་བཟོ་སྐྲུན་ལག་བསྟར་བྱས་པའི་ཚུན་ལ། རིམ་པ་སོ་སོའི་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གིས་འབྲོག་ཁུལ་གྱི་དོན་དངོས་དང་འབྲོག་པ་མང་ཚོགས་ཀྱི་ཁྱད་ཆོས་དང་ཟུང་དུ་འབྲེལ་ཏེ། དུས་ཡུན་དང་སྐོར་ཁག་བགོས་ཏེ་རླངས་འཁོར་དང་འཕྲུལ་རྟ་ཞིག་གསོ་དང་།   ནོར་ལུག་འཚོ་གསོ། རླངས་འཁོར་བསྐོར་བའི་ལག་རྩལ་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་ས་གདན་འཐག་པའི་ལག་རྩལ། བཟའ་བཏུང་གཡོས་སྦྱོར། ཞིང་ལས་འཕྲུལ་ཆས་ཞིག་གསོ། བ་མོ་གསོ་སྤེལ། རྡོ་རྐོས་བཟོ་རྩལ། ཨར་ལས་བཟོ་སྐྲུན་ལག་རྩལ། མི་རིགས་གླུ་གར། གློག་ལས་དང་ཚ་ལ་སོགས་ཀྱི་ལག་རྩལ་གསོ་སྦྱོང་བྱས་ཤིང་། རིམ་བསགས་ཀྱིས་རོང་འབྲོག་པ་མི་ཐེངས་ཆིག་ཁྲི་བཞི་སྟོང་ལྷག་ལ་གསོ་སྦྱོང་བྱས་པ་དང་། ཐོན་སྐྱེད་བསྒྱུར་བའི་མི་ཐེངས་སྟོང་ལྔ་བཞི་བརྒྱ་ལྷག་ཏུ་བསླེབས། ཚན་རྩལ་དཔེ་སྟོན་ཁྱིམ་ཚང་བཞི་བརྒྱ་ང་གཉིས་བཙུགས་ཏེ། དེང་རབས་ཚན་རྩལ་ཤེས་བྱ་དེ་རོང་འབྲོག་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་གདལ་བྱུང་བ་དང་། རོང་འབྲོག་མང་ཚོགས་ཀྱི་ངལ་རྩོལ་ནུས་རྩལ་སྔར་ལས་མཐོར་འདེགས་བྱུང་ཤིང་། ལས་ཞུགས་ཀྱི་ཐབས་ལམ་ཡང་སྔར་ལས་ཇེ་མང་དུ་སོང་ཏེ། ཡོང་སྒོ་འཕར་སྣོན་གྱི་ནུས་ཡོད་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར། ཁྲི་འདུ་རྫོང་གིས་བོད་རིགས་ན་གཞོན་ཉེར་བརྒྱད་རྩ་འཛུགས་བྱས་ཏེ་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་ཀོ་ལྷམ་ཁེ་ལས་ཚོགས་པ་སྟེ་ཆིན་ཏའོ་ཧྲོང་ཞིན་ཧེ་ཡེ་ལྷམ་བཟོ་ཁེ་ལས་ཚད་ཡོད་ཀུང་ཟིར་སོང་ནས་ལས་ཀ་གཉེར་ཏེ། ལོ་དེར་སྒོར་འབུམ་གསུམ་ཁྲི་གསུམ་བསྐྲུན་པ་དང་། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཅིག་སྟོང་གཅིག་ལྷག་ཏུ་བསླེབས་ནས། ངལ་རྩོལ་པ་ཕྱིར་གཏོང་ལ་སྣེ་ཁྲིད་དང་སྐུལ་འདེད་བྱས། ཐུན་ཏེ་རྫོང་གིས༢༠༠༩ལོར་ངལ་རྩོལ་པ་ཉིས་བརྒྱ་རེ་བརྒྱད་ཞོར་ལས་ལ་མངག་ཏེ། ཡོང་སྒོ་སྒོར་འབུམ་བདུན་ཁྲི་བཞི་ལྷག་བསྐྲུན། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་གསོ་སྦྱོང་བྱས་ཏེ། དམངས་ཁྲོད་ཀྱི་རིག་རྩལ་འཁྲབ་སྟོན་དང་རིག་གནས་ཀྱི་ཡོང་འབབ་སྒོར་ས་ཡ་བཞི་བསྐྲུན། 

གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ལས་འགན་ལྕི་ཞིང་། ལས་གཞི་ས་ཁུལ་གྱི་མང་ཚོགས་འབྱོར་འབྲིང་ལམ་དུ་བསྐྱོད་པའི་དམིགས་འབེན་ཆེན་པོ་ནི་བྱ་བ་འདི་ལེགས་སྒྲུབ་བྱེད་པའི་སྒུལ་ཤུགས་ཆེན་པོ་ཡིན། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་དང་སྐོར་ཐེངས་གཉིས་པའི་ནུབ་རྒྱུད་གསར་སྤེལ་ཆེན་པའི་དུང་བརྡ་བསྒྲགས་པ་དང་བསྟུན་ནས། ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གི་ལས་བྱེད་མི་སྣ་ཡོངས་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་རིགས་སོ་སོའི་མང་ཚོགས་དང་རྒྱལ་ཡོངས་མི་དམངས་དང་མཉམ་དུ། ལྷད་མེད་བརྩེ་སེམས་ཀྱིས་གཙང་གསུམ་འབྱུང་ཡུལ་དུ་མུ་མཐུད་དུ་སྐྱེ་ཁམས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་འབྲོག་ཁུལ་གསར་བ་འཛུགས་སྐྲུན་གྱི་ལེ་ཚན་གསར་བ་རེ་རེ་བསྐྲུན་ངེས། 

གོང་མ།:null
འོག་མ།:མཚོ་སྔོན་ཞིང་ཆེན་གྱིས་གསུམ་གཅིག་ལྔའི་ཁེ་དབང་སྲུང་སྐྱོབ་ཉིན་མོའི་དྲིལ་སྒྲོག་བློ་འདོན་ཞབས་ཞུའི་བྱ་འགུལ་སྤེལ་བ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལ'  
རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་'  
རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ&  
ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་'  
མི་རིགས་མཐུན་སྒྲིལ་དྲིལ་སྒྲོ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་ཞིང་ཆེན་གཙང་གསུམ་འབ(  
མཚོ་སྔོན་ཞིང་ཆེན་གྱིས་གསུམ་ག'  
ཆི་ལེན་རྫོང་གིས་རྐང་འཛིན་ལས་'  
མཚོ་སྔོན་ཞིང་ཆེན་གཙང་གསུམ་འབ(  
ཆི་ལེན་རྫོང་གིས་རྐང་འཛིན་ལས་'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
“རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི
རྨ་ལྷོ་ཁུལ་ཆོས་ལུགས་སོ་སོའི་'
དེ་ལས་མང་བ།