ལོ་ངོ་སྟོང་ཕྲག་རིང་གི་བོད་སྤོས་ཀྱི་དྲི་བསུང་མི་ཉམས་རྒྱུན་འཛིན་བྱེད་མཁན་སྟེ་འོ་ཅོག་སྒྲོལ་མའི་མི་ཚེའི་གཏམ་རྒྱུད།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-07-14   རྩོམ་གྱི་ཡོང་ཁུངས།

སྤྱང་གྲུང་འཛོམས་ཤིང་ལས་ལ་བརྩོན་པའི་བུད་མེད་ཁེ་ལས་པ། ལོ་ངོ་སྟོང་ཕྲག་རིང་གི་བོད་སྤོས་བཟོ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་མཁན་ཞེས་པའི་མཚན་སྙན་འདི་གཉིས་མི་ཞིག་གི་ལུས་སྟེང་དུ་འཛོམས་རྒྱུ་ཤིན་ཏུ་དཀའ་ཡང་། འོ་ཅོག་སྒྲོལ་མ་ཞེས་པའི་བོད་རིགས་བུད་མེད་འདིའི་རྒྱུད་སྟེང་དུ་ཁྱད་ཆོས་འདི་གཉིས་མངོན་གསལ་གྱིས་ཟུང་འབྲེལ་བྱས་ནས་ཕྱིར་མངོན་ཡོད།

ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཅིག་པའི་ཉིན་ཞིག་ལ། ང་ཚོ་མཚོ་སྔོན་བོད་རིགས་བཟོ་རྩལ་ཉོ་འཚོང་ཚད་ཡོད་ཀུང་ཟིའི་ནང་དུ་སོང་ནས་འོ་ཅོག་སྒྲོལ་མའི་དྲི་ཞིམ་གྱིས་ཁྱབ་པའི་བོད་སྤོས་ཀྱི་འཇིག་རྟེན་དེ་འགྲིམས།

འོ་ཅོག་སྒྲོལ་མ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་མི་ཡིན་པ་དང་། ༡༩༩༦ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དྲུང་ཡིག་འཛིན་གྲྭ་ནས་སློབ་མཐར་ཕྱིན་རྗེས། པེ་ཅིན་དང་། མཚོ་སྔོན་གྱི་ཁེ་ལས་མང་པོར་སོང་ནས་བྱ་བ་སྒྲུབ་མྱོང་ལ། རིམ་གྱིས་ཁོ་མོ་ཁེ་ལས་ཀྱི་མཐོ་རིམ་དོ་དམ་ཤེས་ལྡན་པ་ཞིག་ཏུ་གྱུར། ཉིས་སྟོང་བཞི་ལོར། ཁོ་མོ་བོད་ལྗོངས་ཀྱི་མིང་དུ་གྲགས་པའི་བོད་སྤོས་བཟོ་གྲྭ་ཞིག་གིས་གདན་དྲངས་པ་ལྟར། ལྷ་སར་སོང་ནས་ཁེ་ལས་དེའི་སྤྱི་གཉེར་བའི་ལས་རོགས་དང་ཉོ་འཚོང་གི་དོ་དམ་པ་གཙོ་བོའི་འགན་ཁུར་ཏེ། ཐོན་སྐྱེད་འཆར་གཞི་བཟོ་བ་དང་ཐོན་སྐྱེད་ཉོ་འཚོང་གི་འགན་ཁུར། ཡིན་ནའང་། སྐབས་དེའི་འོ་ཅོག་སྒྲོལ་མར་མཚོན་ན་བོད་སྤོས་ལས་པའི་བྱ་བ་དེ་ནི་ཁོ་མོའི་བྱ་བའི་གྲུབ་ཆ་ཁག་ཅིག་རེད།

༢༠༠༦ལོར་ཁོ་མོའི་བསམ་བློ་ལ་འགྱུར་ལྡོག་བྱུང་།

འོ་ཅོག་སྒྲོལ་མ༢༠༠༦ལོར་གྲོགས་པོ་ཞིག་དང་མཉམ་དུ་བོད་སྤོས་ཀྱི་འབྱུང་ཁུངས་སྟེ། བོད་ལྗོངས་སྙེ་མོ་རྫོང་ཐོན་པ་ཞང་ཐོན་པ་སྡེ་བར་གནས་སྐོར་ལ་ཕྱིན་པ་དང་། གནས་དེ་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་མི་སྣ་གྲགས་ཅན་ཐོན་མི་སམ་བྷོ་ཊའི་ཕ་ཡུལ་རེད། ཐོན་མི་སམ་བྷོ་ཊ་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སྐབས་ཀྱི་མིང་གྲགས་ཆེ་བའི་མཛངས་བློན་བདུན་གྲས་ཀྱི་གཅིག་ཡིན་པར་མ་ཟད། བོད་ཡིག་གསར་བཟོ་བྱེད་མཁན་དང་བོད་སྤོས་གསར་གཏོད་བྱེད་མཁན་རེད། ཐོན་མི་སམ་བྷོ་ཊའི་དུས་སྐབས་དེ་ནས་བཟུང་། བོད་སྤོས་ནི་བོད་མི་རིགས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་དངོས་རྫས་ཞིག་ཏུ་གྱུར་ཡོད་པ་དང་། མཆོད་ཁང་ནང་དང་། གདོན་བགེགས་འགོག་པ། ཁང་བའི་ནང་གི་མཁའ་དབུགས་གཙང་སེལ་བྱེད་པ་སོགས་གང་ཡིན་རུང་བོད་སྤོས་ནི་མེད་དུ་མི་རུང་བའི་རྫས་ཞིག་རེད།

ཐོན་པ་སྡེ་བའི་ཁོར་ཡུག་དལ་ཅག་གེར་ཡོད་པ་དང་། ཉེ་འགྲམ་དུ་ཆུ་མོ་ཡར་ཀླུང་གཙང་བོ་ཉིན་མཚན་དབྱར་མེད་དུ་བཞུར་བཞིན་ཡོད་ལ། ཆུ་མོ་ཡར་ཀླུང་གཙང་པོ་གངས་རིའི་བཞུར་ཆུ་དང་མཉམ་དུ་འདྲེས་ནས་ལྷུང་ལྷུང་དུ་འབབ་བཞིན་ཡོད་པ་འདིས་སྡེ་བའི་ཆུ་འཁོར་བཅུ་ལྷག་བསྐོར་བཞིན་ཤུག་པ་ལེབ་མོ་རེ་རེ་ཐལ་རྡུལ་རུ་གཏོང་བཞིན་ཡོད། འདི་ནི་བོད་སྤོས་ལས་སྤྱད་ཀྱི་རྒྱུ་ཆ་ཞིག་རེད། ལོ་ངོ་སྟོང་གཅིག་དང་སུམ་བརྒྱའི་ཡར་སྔོན་ལ། སྡེ་མི་རྣམས་ཀྱིས་མི་རབས་མང་བོར་ཐོན་མི་སམ་བྷོ་ཊས་གསར་གཏོད་བྱས་པའི་བོད་སྤོས་བཟོ་ཐབས་འདི་ལ་བརྟེན་ནས་བོད་སྤོས་བཟོ་བཞིན་ཡོད་པས། གནས་འདི་ནི་བོད་ལྗོངས་ཀྱི་མིང་དུ་གྲགས་པའི་བོད་སྤོས་ཐོན་སྐྱེད་བྱེད་ཡུལ་དུ་གྱུར་ཡོད།

བདེ་བ་ཅན་གྱི་ཞིང་ཁམས་ལྟ་བུའི་ཞིང་སྡེ་དང་། ལས་ལ་བརྩོན་ཞིང་བབ་ཆགས་པའི་སྡེ་མི། ལོ་ངོ་སྟོང་ཕྲག་ལྷག་བརྒྱུད་ཡོང་བའི་ལག་ཤེས་བཟོ་རྩལ་འདིས་འོ་ཅོག་སྒྲོལ་མའི་ཡིད་ཀྱི་དྭངས་བ་ཅིག་ཅར་དུ་དྲངས། འོ་ཅོག་སྒྲོལ་མ་མོ་རང་མིང་ལ་ལྷག་པ་ཚུལ་ཁྲིམས་ཟེར་བའི་བུད་མེད་དར་མ་ཞིག་གི་ཁྱིམ་དུ་བསྡད་པ་དང་། ཁོ་མོས་ཉིན་རྒྱུན་ཚུལ་ཁྲིམས་དང་ཚུལ་ཁྲིམས་ཀྱི་བུ་ཟླ་བ་གཉིས་ཀྱི་སར་ནས་ཐོན་མི་སམ་བྷོ་ཊའི་དུས་སྐབས་དེ་ནས་དར་ཡོང་བའི་བོད་སྤོས་ལས་སྲོལ་ལ་སློབ་སྦྱོང་བྱས། སྲོལ་རྒྱུན་གྱི་བོད་སྤོས་ལས་སྲོལ་ནི་ཤུག་པའི་འདམ་བག་རྭ་ཅོའི་ནང་དུ་བླུགས་རྗེས། མཐེབ་མཛུབ་ཀྱིས་རྭ་ཅོ་ནས་བཙིར་ཏེ་ཐོན་པ་ཞིག་ཡིན་པ་དང་། དེ་ནས་ཕྲ་སྦོམ་རན་པའི་བོད་སྤོས་གྲུབ་བཞིན་ཡོད། འདི་ནི་བོད་སྤོས་ཐོག་མར་ལས་མཁན་ཞིག་ལ་མཚོན་ན་ལས་སླ་བའི་བྱ་བ་ཞིག་མ་ཡིན། འོ་ཅོག་སྒྲོལ་མས་བཤད་ན། སྐབས་དེར་ཁོ་མོའི་མཐེབ་མཛུབ་ཀྱི་སེན་མོ་ན་ནས་ལྷུང་ལ་ཁད་བྱེད་ཀྱང་། རང་ཉིད་ཀྱིས་བཙིར་ཡོང་བའི་སྤོས་དེ་བོད་སྤོས་ཚད་ལྡན་ཞིག་ཏུ་གྱུར་ཐུབ་མེད་པ་རེད་ཟེར། འོ་ཅོག་སྒྲོལ་མ་འདི་ལྟར་ཐོན་པ་སྡེ་བ་ནས་ཟླ་གསུམ་རིང་བསྡད་དེ་སྲོལ་རྒྱུན་བོད་སྤོས་ལས་ཚུལ་ཀྱི་བརྒྱུད་རིམ་ཧྲིལ་བོ་དང་བཟོ་རྩལ་ལ་སློབ་སྦྱོང་བྱས་ཏེ་ཁོང་དུ་ཆུད་པར་བྱས།

ཕྱིར་ལྷ་སར་ཐོན་རྗེས། འོ་ཅོག་སྒྲོལ་མས་བོད་སྨན་ཆེད་མཁས་པ་གདན་འདྲེན་ཞུས་ནས་བོད་སྤོས་ཀྱི་དྲི་མ་བཟང་ངན་ལ་དབྱེ་འབྱེད་བྱེད་དུ་བཅུག་པ་དང་། ཇི་ལྟར་བྱས་ན་ད་གཟོད་ནུས་པ་མི་འདྲ་བའི་བོད་སྤོས་ལས་ཐུབ་པའི་བློ་དྲིས། ཁོ་མོར་མཚོན་ནས་བཤད་ན། བོད་སྤོས་ནི་ཆེས་ཐོག་མར་རང་ཉིད་འཚོ་གནས་ཀྱི་ཆེད་དུ་གཉེར་བའི་བྱ་བ་ཞིག་ཡིན་པ་དང་། རྗེས་སུ་རང་ཉིད་ཀྱི་སེམས་རྟེན་དང་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཏུ་གྱུར།

སྤོས་རྐང་རེ་རེ་བསྒྲོན་ཚེ། དྲི་མ་ཕྱོགས་བཞིར་མཆེད་པས། ཁོ་མོ་ལོ་ངོ་སྟོང་གཅིག་དང་སུམ་བརྒྱད་ལྷག་གི་ཡར་སྔོན་གྱི་ཐོན་མི་སམ་བྷོ་ཊའི་མཆོད་ཁང་ནང་གི་དྲི་མ་ཞིམ་པོ་དེ་ཉམས་སུ་མྱངས་པ་ལྟ་བུའི་སྣང་བ་སྟེར་ལ། འདིས་ཕ་ཡུལ་དྲན་པའི་བརྩེ་སེམས་དང་གྲོང་ཁྱེར་གྱི་ཟང་ཟིང་གི་སེམས་ཁམས་གཉིས་ལ་ལྷིང་འཇགས་དང་བཀྲ་ཤིས་པའི་སྣང་བ་ཞིག་ཀྱང་སྟེར་སྲིད། འོ་ཅོག་སྒྲོལ་མས་སྤོས་རྐང་བསྒྲོན་ཐེངས་རེ་རེར་ཐོན་མི་སམ་བྷོ་ཊ་དུས་རབས་ཀྱི་བར་སྟོང་བརྒལ་ནས་ཕྱིར་འཇིག་རྟེན་མི་ཡུལ་དུ་ལོག་པ་ལྟ་བུའི་ཚོར་སྣང་སྐྱེས་ལ། བོད་མི་རིགས་ཀྱི་གནའ་བོའི་བོད་སྤོས་རིག་གནས་ལ་དུངས་བ་ཟབ་མོ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེས་འོང་།

ཉིས་སྟོང་བཅུ་ལོར། རྒྱང་རིང་ས་མཐར་འགྲིམས་པའི་འོ་ཅོག་སྒྲོལ་མ་རང་གི་ཕ་ཡུལ་དུ་ཕྱིར་ལོག

ཁོ་མོས་ཚོང་རའི་ནང་དུ་བོད་སྤོས་ཐོན་སྐྱེད་བྱས་པའི་ཚོང་རྟགས་མང་པོ་ཡོད་པ་མཐོང་ཡང་། དེ་དག་ནི་དྲི་ཞིམ་རྫས་བཅུད་དང་། མདོག་བསྒྱུར་རྫས། བ་དམ་གྱི་ཤུན་པགས་བསྲེས་ནས་ལས་པ་ཤེས་རྗེས། སེམས་ཧ་ཅང་སྐྱོ་བ་དང་ཆབས་ཅིག སེམས་པའི་མེ་ལོང་ངོས་སུ་རང་ཉིད་ཀྱི་ཕ་ཡུལ་ན་བོད་མི་རིགས་རང་ཉིད་ལ་དབང་བའི་བོད་སྤོས་ཁེ་ལས་ཞིག་ཡོད་ན་ཅི་མ་རུང་སྙམ། རང་ཉིད་ཀྱིས་འབད་བརྩོན་བྱས་པ་བརྒྱུད། ཉིས་སྟོང་བཅུ་གཅིག་ལོའི་ཟླ་བཞི་བར། འོ་ཅོག་སྒྲོལ་མས་གཅན་ཚ་རྫོང་ནས་མཚོ་སྔོན་བོད་རིགས་བཟོ་རྩལ་ཉོ་འཚོང་ཚད་ཡོད་ཀུང་ཟི་ཞེས་པ་བཙུགས། ཀུང་ཟི་དེའི་ནང་ཐོན་པའི་བོད་སྤོས་ལ་དྲི་ཞིམ་རྫས་བཅུད་དང་མདོག་བསྒྱུར་རྫས་སོགས་ཅི་ཡང་མེད་པར་ཤུག་པ་དང་རང་བྱུང་གི་བོད་སྨན་རྒྱུ་ཆ་བསྲེས་ནས་ཐོན་སྐྱེད་བྱས་ལ། འདི་ནི་འོ་ཅོག་སྒྲོལ་མས་ཆེས་ཐོག་མ་ནས་རྒྱུན་འཁྱོངས་བྱས་པའི་དམ་བཅའ་རེད།

བཟོ་གྲྭ་མ་བཙུགས་སྔོན་གྱི་ཟླ་གཉིས་ཀྱི་རིང་ལ། འོ་ཅོག་སྒྲོལ་མས་ཚོད་ལྟའི་ཚུལ་དུ་བཟོས་པའི་བོད་སྤོས་དེ་ལྷ་སའི་བོད་སྤོས་ཆེད་མཁས་པ་ཞིག་ལ་བསྐུར་ནས་བསམ་འཆར་དང་ལེན་བྱས་པ་དང་། ཆེད་མཁས་པས་སྨན་རྫས་སྦྱོར་ཚུལ་འོས་ཤིང་འཚམ་ལ། གནའ་བོའི་བོད་སྤོས་བཟོ་ཐབས་ཀྱི་ལག་རྩལ་སྲུང་འཛིན་བྱས་ཡོད་པས། ཐག་ཉེ་རིང་ཀུན་ཏུ་བོད་སྤོས་ཀྱི་དྲི་མ་ཞིམ་པོ་འདི་སྣམ་ཐུབ། མིག་སྔའི་ཚོང་རའི་ནང་གི་བོད་སྤོས་ཐོན་སྐྱེད་བཟོ་གྲྭ་མང་ཆེ་ཤས་ཀྱི་སྤོས་དྲི་འདི་ལྟ་བུ་ཞིག་ཏུ་སླེབས་ཐུབ་པ་ཤིན་ཏུ་དཀའ་ཞེས་ཁོ་མོར་ཡིད་ཆེས་ཆེན་པོ་བསྩལ།

མིག་སྔར། འོ་ཅོག་སྒྲོལ་མའི་བོད་སྤོས་བཟོ་གྲྭའི་ནང་དུ་ཆེས་སྤྱིར་བཏང་གི་བོད་སྤོས་བཟོ་ནའང་བོད་སྨན་སྣ་བཅུ་གཉིས་བཀོལ་བཞིན་ཡོད་པ་དང་། བོད་སྤོས་ཀྱི་གྲུབ་ཆ་ཆེས་མང་ན་བོད་སྨན་སྣ་ཁ་ཞེ་དྲུག་དགོས། དེའི་ནང་ཙན་དན་དང་། ཨ་ཀུར་སོགས་ཀྱི་སྨན་སྣ་རྒྱ་གར་དང་། ཡོའེ་ནན་ནས་ནང་འདྲེན་བྱེད་དགོས། སྤོས་ལས་མཁན་གྱིས་ཙན་དན་དང་བོད་སྨན་གྱི་ཐལ་རྣམས་སྦྱོར་ཚུལ་མི་འདྲ་བ་ལ་བརྟེན་ནས་ལས་བཞིན་ཡོད་ལ། སྨན་རྫས་ཀྱི་སྦྱོར་ཚུལ་མི་འདྲ་ན་སྤོས་ཀྱི་དྲི་ཞིམ་མི་ཞིམ་ཡང་མི་འདྲ། ཆུ་བསྲེས་ནས་སྤོས་འདམ་བག་རུ་བསྒྱུར་རྗེས། སྤོས་རྐང་རེ་རེ་བྱས་ནས་བཙིར་ཏེ་སྐམ་པ་དང་། དེའི་འཕྲོར་ཐུམ་རྒྱག་ལ། དེ་ནི་བོད་སྤོས་ལས་པའི་བརྒྱུད་རིམ་ཧྲིལ་བོ་ཡིན།

དེང་རབས་ཚན་རིག་གིས་བདེན་དཔང་བྱས་པ་ལྟར་ན། སྐྱེ་དངོས་ཁ་ཤས་ཤིག་མེར་སྦར་རྗེས་དེའི་དྲི་ཞིམ་གྱིས་མིའི་ལུས་སེམས་བདེ་བར་བྱེད་ཐུབ། འོ་ཅོག་སྒྲོལ་མས་ཉིན་རྒྱུན་རང་བྱུང་གི་སྐྱེ་དངོས་འདི་རིགས་ཀྱིས་བོད་སྤོས་སྣ་ཁ་གསར་བ་གསར་སྤེལ་བྱེད་ཐུབ་པར་ནམ་ཡང་བསམ་བློ་གཏོང་བཞིན་ཡོད། ཉིན་ཞིག་ལ་ཁོ་མོས་བཟོ་གྲྭའི་ནང་གི་བོད་རིགས་བཟོ་པ་ཞིག་གིས་ས་དེའི་མི་རྣམས་ཀྱིས་བསང་ཕུད་སྐབས་དེའི་ནང་གི་རྫས་མེ་ཏོག་ཞིག་ལ་དྲི་མ་ཞིམ་པོ་ཁྱད་པར་ཅན་ཞིག་ལྡན་ཚུལ་བཤད་པར། འོ་ཅོག་སྒྲོལ་མ་ནོར་བུ་རྙེད་པ་ལྟ་བུའི་དགའ་སྤྲོ་ཆེན་པོ་སྐྱེས་ཏེ་མེ་ཏོག་དེའི་རིགས་ཀྱི་རྒྱུ་ཆ་འཚོལ་བསྡུ་བྱས་ནས་ཡང་བསྐྱར་བོད་སྤོས་སྣ་ཁ་གསར་བ་ཞིག་གསར་སྤེལ་བྱས།

འོ་ཅོག་སྒྲོལ་མའི་བོད་སྤོས་བཟོ་གྲྭའི་བཟོས་པའི་ཐོན་རྫས་རྣམས་གཙོ་བོ་པེ་ཅིན་དང་། ཧྲང་ཧེ། ཀོང་ཀྲིག ཞ་མིན། ཐའེ་ཝན་སོགས་ཚོང་ར་ཆེ་གྲས་རྣམས་སུ་ཕྱིར་འཚོང་བྱེད་བཞིན་ཡོད་པར་མ་ཟད། ད་དུང་དབྱི་ཐ་ལི་དང་། ཧྥ་རན་སི་སོགས་རྒྱལ་ཁབ་ཀྱི་ཚོང་བ་རྣམས་ལའང་ཚོང་གཏམ་གྲོས་མོལ་བྱེད་བཞིན་པའི་སྒང་རེད།

དབྱི་ཐ་ལི་རྒྱལ་ཁབ་ནས་ཆེས་ཐོག་མར་བོད་སྤོས་ཚོང་རར་འགྲེམ་སྐབས་ས་དེའི་མང་ཚོགས་ཀྱིས་དང་ལེན་མ་བྱས་པ་དང་། རྗེས་ནས་དབྱི་ཐ་ལི་རྒྱལ་ཁབ་ཀྱི་ཚོང་བ་ཨའེ་ཏི་དང་གྲོས་མོལ་བྱས་པ་བརྒྱུད། རོ་མ་རྒྱལ་ཁབ་ནས་སྤྲོ་ཚོགས་ཞེས་པ་བརྗོད་བྱ་བྱས་ཏེ་བོད་སྤོས་ལས་སྤྱད་ཀྱི་ཙན་དན་དང་། བོད་སྤོས་ལས་སྤྱད་ཀྱི་རྫས་རྣམས་འགྲེམ་སྟོན་བྱས་པ་མ་ཟད། ད་དུང་པར་རིས་རེ་རེས་གསལ་བཤད་བྱས་པ་ལ་བརྟེན་ནས། ཕྱི་རྒྱལ་གྱི་མི་རྣམས་ཀྱིས་བོད་སྤོས་ལ་རྒྱུས་ལོན་བྱེད་ཐུབ་པ་བྱས། དེ་ནས་བཟུང་འོ་ཅོག་སྒྲོལ་མས་བོད་སྤོས་དབྱི་ཐ་ལི་རྒྱལ་ཁབ་ནས་ཕྱིར་འཚོང་བྱེད་པའི་རེ་བ་དེ་མངོན་འགྱུར་བྱས། འོ་ཅོག་སྒྲོལ་མས་བཤད་རྒྱུར། བོད་སྤོས་ཀྱི་འབྱུང་ཁུངས་ནི་ཀྲུང་གོའི་བོད་ཀྱི་རིག་གནས་ཡིན་ཡང་། དེ་རྒྱལ་ཁབ་དང་མི་རིགས་བརྒལ་ནས་འཛམ་གླིང་གི་རིགས་སོ་སོའི་མང་ཚོགས་ཀྱིས་དང་ལེན་བྱེད་ཐུབ་པ་བྱུང་ཟེར།

བོད་སྤོས་ཐོན་སྐྱེད་བྱས་ནས་ལོ་གཅིག་ལྷག་འགོར་བའི་རིང་ལ། བོད་རིགས་རིག་བཟོ་རྩལ་ཉོ་འཚོང་ཀུང་ཟིའི་བོད་སྤོས་ཐོན་རྫས་ལ་རྒྱ་ཆེའི་འཛད་སྤྱོད་མཁན་རྣམས་ཀྱིས་གདེང་འཇོག་བཟང་བོ་ཐོབ་པར་མ་ཟད། ཉོ་འཚོང་གི་འབོར་གྲངས་དེ་སྔོན་རྩིས་ལས་བརྒལ། འོ་ཅོག་སྒྲོལ་མའི་སེམས་པ་དགའ་སྤྲོའི་དཔལ་གྱིས་ཁེངས་པའི་དུས་མཚུངས་སུ་ད་དུང་གནོན་ཤུགས་གསར་བ་ཞིག་ཀྱང་སྐྱེས་བྱུང་། ཐོན་རྫས་གསར་བ་གསར་སྤེལ་བྱས་ནས་རིམ་པ་མི་འདྲ་བའི་འཛད་སྤྱོད་པའི་དགོས་མཁོ་སྐོང་བའམ་ཡང་ན་སྒྲིག་ཆས་གསར་བ་ནང་འདྲེན་བྱས་ནས་ཐོན་སྐྱེད་ནུས་པ་རྒྱ་སྐྱེད་རྒྱུ་གང་ཡིན་རུང་། མིག་སྔའི་བཟོ་གྲྭའི་གནས་ཚུལ་གྱིས་དེ་འདྲའི་དགོས་མཁོ་སྐོང་ཐུབ་ཀྱིན་མེད། དེར་བརྟེན། འོ་ཅོག་སྒྲོལ་མས་གཙན་ཚ་རྫོང་འཕེལ་རྒྱས་བཅོས་བསྒྱུར་ཅུའུ་སོགས་སྡེ་ཁག་ལ་བོད་སྤོས་བཟོ་གྲྭ་ཆེ་ཤོས་ཤིག་འཛུགས་རྒྱུའི་རེ་ཞུ་བྱས་ནས། ཀུང་ཟིའི་ཐོན་སྐྱེད་ནུས་པ་ཇེ་མཐོར་བཏང་།

འོ་ཅོག་སྒྲོལ་མས་བཤད་རྒྱུར། ཡངས་པའི་རྩྭ་ཐང་དང་མཐོན་པོ་གངས་རིས་བསྐོར་བའི་མཚོ་བོད་མཐོ་སྒང་དང་། ཕ་མེས་ཡང་མེས་རྣམས་ཀྱིས་ང་ཚོར་བསྐྱུར་བའི་དངོས་པོ་ཤིན་ཏུ་མང་བས། ང་ཚོར་དེ་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བའི་འོས་འགན་ཡོད། ངས་འཛམ་གླིང་གི་མི་སྔར་ལས་མང་པོར་བོད་སྤོས་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་དུ་བཅུག་ནས་མཚོ་བོད་མཐོ་སྒང་གི་ལོ་ངོ་སྟོང་ཕྲག་ལྷག་གི་དྲི་ཞིམ་དེ་ཁོ་ཚོས་ཉམས་སུ་མྱོང་ཐུབ་པར་བྱེད་རྒྱུ་ཡིན་ཟེར། 

གོང་མ།:null
འོག་མ།:རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར་ལས་འཛུགས་སྐྲུན་རུ་ཁག་གི་ལས་སྣེ་པ་བཙུན་ཐར་རྒྱལ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
ལོ་ངོ་སྟོང་ཕྲག་རིང་གི་བོད་སྤ'  
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་'  
མི་རིགས་རིག་གནས་བརྗེ་རེས་ཀྱི&  
འགྱོད་སེམས་མེད་པར་ཧུར་ཐག་བྱས&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
སྤོབས་པ་ཆེན་པོས་འཕེལ་རྒྱས་ཀྱ'  
མཚོ་སྔོན་ཞིང་ཆེན་གྱིས་ཆེས་དམ'  
ཐིན་ཏེ་རྫོང་གིས་ཞབས་ཞུའི་ལས་'  
མཚོ་ནུབ་ཁུལ་ནང་བསྟན་ཆོས་ལུགས&  
དམངས་འཚོ་བཟོ་སྐྲུན་གྱིས་དམངས&  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།