རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར་ལས་འཛུགས་སྐྲུན་རུ་ཁག་གི་ལས་སྣེ་པ་བཙུན་ཐར་རྒྱལ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-07-14   རྩོམ་གྱི་ཡོང་ཁུངས།

བཙུན་ཐར་རྒྱལ་ནི་རེབ་གོང་ཐོ་ཀྱཱ་གྲོང་རྡལ་སྟག་ཡན་སྡེ་བའི་ཞིང་བ་དཀྱུས་མ་ཞིག་ཡིན་པ་དང་། ཆུང་དུས་སློབ་གྲྭར་ལོ་འགར་ཞུགས་ཀྱང་། སྐབས་དེ་ནི་ལོ་བཅུའི་གོད་ཆག་ལ་འཁེལ་བས་ཕྱིར་ཁྱིམ་དུ་ལོག་ནས་སྡེ་དམངས་མཉམ་ལས་ཀྱི་ཞིང་རྨོའི་ལས་ཀར་ཞུགས་ནས་རིག་གནས་སློབ་པའི་སྐལ་བ་ཡོངས་སུ་ཤོར།

དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་དུས་མཇུག་ནས། ཁོས་རྒྱ་རིགས་གྲོགས་པོ་སྐོར་ཞིག་དང་འགྲོགས་ནས་ཕྱི་ལ་ཞོར་ལས་སུ་སོང་སྟེ་ཡོང་སྒོ་མི་ཉུང་བ་ཞིག་བཙལ་བས་ཁྱིམ་ཚང་གི་འཚོ་བའི་ཆུ་ཚད་ཅུང་ཙམ་ཇེ་བཟང་དུ་སོང་བ་དང་། དེ་དུས་སྡེ་བའི་ནང་ཕྱི་ལ་ཞོར་ལས་སུ་འགྲོ་བའི་སྲོལ་མེད་ནའང་། ཁོས་ཁྱིམ་ཚང་གི་འཚོ་བ་ཇེ་ལེགས་སུ་བཏང་ཞིང་ཁང་རྙིང་གསར་དུ་ལས་ཐུབ་པ་བྱུང་བས། སྡེ་མི་སྐོར་ཞིག་ཁོས་རྗེས་དེད་ནས་ཞོར་ལས་སུ་འགྲོ་མཁན་བྱུང་མོད། སྐབས་དེར་ཞོར་ལས་བྱེད་ས་མང་པོ་མེད་པའི་ཁར་ཉམས་མྱོང་མེད་ན་ལས་ཀ་ཞིག་བཙལ་རྒྱུ་ནི་ཧ་ཅང་དཀའ་མོ་རེད།

ཁོས་དུས་རྒྱུན་རྒྱ་རིགས་གྲོགས་པོ་འགའ་དང་མཉམ་དུ་ལས་ཀའི་འགན་གཙང་ལེན་བྱེད་པའི་སྐོར་གྱི་ཉམས་མྱོང་ལ་རྒྱུས་ལོན་ལེགས་པོ་བྱས་ཏེ། རང་གི་འཛུགས་སྐྲུན་རུ་ཁག་བཙུགས་ནས་སྡེ་བའི་ནང་གི་གསར་བུ་མང་པོ་ཕྱི་ལ་ཞོར་ལས་སུ་ཁྲིད་པ་དང་། ༡༩༩༤ལོ་ནས་བཟུང་། སྔ་ཕྱིར་ལོ་བཅུ་ལྷག་གི་རིང་ལ་རེབ་གོང་ས་ཁུལ་གྱི་སློབ་གྲྭ་མང་པོ་གསར་བསྐྲུན་དང་ཞིག་གསོ་བྱེད་པའི་བཟོ་སྐྲུན་ཕལ་ཆེར་འགན་གཙང་ལེན་བྱས་པ་ལེགས་འགྲུབ་བྱུང་བ་རེད། ཁོས་གསར་འགོད་པར་བཤད་རྒྱུར། དང་ཐོག་ང་ཚོ་རུ་ཁག་གི་བོད་རིགས་ལས་ཀ་བ་མང་ཆེ་བས་རང་གི་ལུས་ཤུགས་ཁོ་ནར་བརྟེན་པ་ཙམ་ལས་ལག་རྩལ་ཐད་ཀྱི་ལས་ཀ་ཅི་ཡང་ལས་མི་ཐུབ་ཅིང་། ཁོ་ཚོར་ཁྱད་དུ་འཕགས་པའི་ལག་རྩལ་ཞིག་མེད་ན་ལས་ཀའི་གནས་བབ་བརྟན་པོ་ཞིག་མིན་ཞིང་། རྒྱ་རིགས་ལག་རྩལ་པ་དང་བསྡུར་ན་ཡོང་སྒོ་ལྡབ་བཞི་ལྔ་ཡིས་དམའ་བས། རུ་ཁག་གི་ཁོངས་མི་རེ་རེའི་གནས་བབ་ལེགས་པོ་ཞིག་ཆགས་ཏེ་ཁྱད་འཕགས་ཀྱི་ལག་རྩལ་ཞིག་མངོན་དགོས་ན། གཞན་དང་ཐུན་མོང་མ་ཡིན་པ་དང་། མི་གཞན་གྱིས་སྒྲུབ་མི་ཐུབ་པའི་ལས་ཀའི་རིགས་ལ་བསམ་བློ་གཏོང་ཞིང་ནམ་རྒྱུན་བརྩོན་པ་ཆེར་བསྐྱེད་བྱེད་དགོས་པ་རེད་ཟེར།

ལོ་རབས་བརྒྱད་ཅུ་བ་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཐོན་འབབ་ཇེ་མཐོ་དང་ཆོས་ལུགས་དད་མོས་ཀྱི་བསམ་བློ་དེ་ཡུན་རིང་སྐོམ་པས་མནན་པའི་སྡུག་བསྔལ་གྱི་རྒྱ་ལས་གྲོལ་ཏེ། གཙུག་ལག་ཁང་དང་རྟེན་གསུམ་བཞེངས་སྐྲུན་བྱེད་པ་སོགས་ཀྱི་མགོ་ཚུགས་མོད། འོན་ཀྱང་བཟོ་སྐྲུན་མང་ཆེ་བ་ཞིག་མང་ཚོགས་རང་གི་འགན་བླངས་ཏེ་འཛུགས་སྐྲུན་བྱེད་ན་ཡང་རྒྱུ་སྤུས་ཞན་པས། ལོ་འགའ་རེའི་ནང་ཞིག་གསོ་དང་བསྐྱར་བཞེངས་བྱེད་དགོས་པ་རེད། གཉིས་ནས་དེང་སྐབས་ས་གནས་གང་ལ་མཚོན་ནའང་གནས་སྐོར་ལས་རིགས་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། སྲིད་གཞུང་ནས་ཀྱང་འདིའི་ཐད་ལ་རྒྱབ་སྐྱོར་གནང་སྟེ་མཁར་གྲོང་གི་འཛུགས་སྐྲུན་ལ་བོད་མི་རིགས་ཀྱི་ཁྱད་ཆོས་ཐོན་དགོས་ཚུལ་གྱི་རེ་བ་འདོན་བཞིན་ཡོད་པས། བོད་ཀྱི་སྲོལ་རྒྱུན་བཟོ་ལས་འཛུགས་སྐྲུན་ལས་རིགས་ལ་མདུན་ལམ་ཡངས་པོ་ཡོད་སྟབས། རང་ཉིད་ཀྱི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བར་མཆོད་རྟེན་ཆེན་མོ་ཞིག་བཞེངས་པའི་ལས་ཀར་ཞུགས་པའི་ཉམས་མྱོང་གཞིར་བྱས་ཐོག དགོན་པ་མང་པོར་སོང་ནས་དགོན་པའི་བཟོ་བཀོད་ལ་བརྟག་དཔྱད་བྱས་ཤིང་ཐིག་རྩ་སྦྱངས་པ་དང་། ད་ལྟ་རུ་ཁག་གི་ཁོངས་མིའི་ཁྲོད་རྩིག་བཟོ་དང་ལྷ་རིས་པ། ཤིང་བཟོ་སོགས་སྣ་འཛོམས་པོ་ཡོད་པར་མ་ཟད། ལས་ཀའི་གོ་རིམ་ཁྲོད་ཁག་དུ་མར་བགོས་ནས་ལས་འགན་འཁུར་བ་དང་། ལ་ལས་ལས་ཀའི་བར་གསེང་གི་དུས་ཚོད་བེད་སྤྱད་དེ། ལས་ཀ་གཞན་པའི་འགན་ཡང་ལེན་བཞིན་ཡོད་ཟེར། 

སྐབས་འདིར། ཁོས་འདྲ་པར་བརྩེགས་མ་མཐུག་པོ་ཞིག་བཀྲམས་ནས་འདི་དག་ནི་ང་ཚོའི་ཉེ་བའི་ལོ་འགའི་རིང་འགན་ལེན་བྱས་ནས་གྲུབ་པའི་ལས་ཀའི་འདྲ་པར་དང་ཇུས་འགོད་ཀྱི་ཡིག་ཆ་ཡིན་པ་དང་། ད་ལྟའི་བར་ང་ཚོས་བསྡོམས་པས་མཆོད་རྟེན་ཉི་ཤུ་རྩ་གསུམ་བཞེངས་བ་དང་། དེ་དག་ཚང་མ་ནི་བོད་ལུགས་མཆོད་རྟེན་གྱི་ཐིག་རྩ་ལྟར་བཞེངས་བ་ཡིན་པས་སྦྱིན་བདག་གི་ཡིད་མ་ཚིམ་པ་མེད་དེ། དཔེར་ན། རོང་བོ་དགོན་པའི་མཚན་ཉིད་གྲྭ་ཚང་གི་ཆོས་རའི་ལྡེབས་རིས་ཕུད་པའི་ཐོག་ཁང་དང་ར་སྐོར། འགར་རྩེ་དགོན་པའི་སྨན་ཁང་གི་ཐོག་ཁང་། མདོ་བ་ཞང་གི་སྨན་ཁང་ཐོག་ཁང་། ཧི་ནན་རྫོང་སྐལ་བཟང་བོད་སྨན་སློབ་གྲྭ་སོགས་ལ་བོད་རིགས་ཀྱི་བཟོ་བཀོད་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པས་ཀུན་གྱིས་བསྟོད་བསྔགས་བྱེད་བཞིན་ཡོད་པ་ལྟ་བུ་རེད།

དེ་ཡང་ཧི་ནན་སོག་རྫོང་སྐལ་བཟང་བོད་སྨན་སློབ་གྲྭའི་བཟོ་སྐྲུན་གྱི་ཇུས་འགོད་ནི། ཨ་རིའི་ཀུན་ཕན་ཐེབས་རྩ་ཚོགས་པའི་ཕྱི་གླིང་པ་ཞིག་གིས་འགན་བླངས་མོད། ང་ཚོས་བོད་རང་གི་བཟོ་བཀོད་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཆེད་ཇུས་འགོད་གྱི་མ་གདན་ལ་ཞིབ་འཇུག་ཡང་ཡང་བྱས་པ་དང་། བཟོ་སྐྲུན་མཇུག་རྫོགས་རྗེས་ཨ་རིའི་ཇུས་འགོད་པས་བསྟོད་པའི་མཐེ་བོང་མཐོན་པོར་བསྒྲེངས་ནས་ཐོག་མའི་ཇུས་འགོད་ཀྱི་ཞན་ཆ་སེལ་འདུག་ཅེས་བཤད།

མདོར་ན། ང་རང་གི་ལས་ཀ་ཚང་མར་མི་མང་པོ་ཞིག་གིས་རྒྱབ་སྐྱོར་བྱས་ཏེ་ལེགས་གྲུབ་བྱུང་བ་ཡིན་པས། གཞན་ལ་དྲིན་གཟོ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་རེད། དེ་བས་ངས་ད་ལྟའི་བར་ང་ཚོའི་སྡེ་བར་སྒོར་ཁྲི་བཞི་ལྔ་ལྷག་གི་རོགས་སྐྱོར་བྱས་ཏེ། སྡེ་བའི་གཞུང་ལམ་དང་སྲང་ལམ་སྤྱི་ལེ་ཉི་ཤུ་ལྷག་ལ་ཨར་འདམ་བླུགས་པས་ཀུན་གྱིས་བསྟོད་བསྔགས་བྱེད་བཞིན་ཡོད། གང་ལྟར་བཙུན་ཐར་རྒྱལ་ལགས་ནི་ཞིང་བ་དཀྱུས་མ་ཞིག་ཡིན་ཡང་། དཔལ་འབྱོར་འཛུགས་སྐྲུན་གྱི་ཐད་ནས་ཁོ་ནི་ཞིང་བ་གཞན་དང་མི་འདྲ་བར་མ་འོངས་མིག་རྒྱང་རིང་ཞིང་མི་རིགས་རང་གི་ལག་ཤེས་བཟོ་སྐྲུན་གྱི་ཐད་གཞན་ལ་འགྲན་རྩོད་ཀྱི་སྙིང་སྟོབས་ཆེན་པོ་ལྡན་པ་མ་ཟད། དུས་སྐབས་རེ་རེའི་ཁྲོམ་རའི་འཕེལ་རྒྱས་འགྱུར་ལྡོག་སོགས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་སྤོབས་པ་ཆེན་པོ་མངའ་བ་རེད། ཁོས་རང་གི་ཉེ་འཁོར་གྱི་མི་རྣམས་རྗེས་སུ་ཁྲིད་ནས་ཉམས་མྱོང་མང་པོ་བསྩལ་ཏེ་ཕྱུག་འགྱུར་གྱི་ལམ་དུ་བཀོད་ཅིང་། ད་ལྟ་ཁོའི་ལས་ཀའི་གཞི་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། རུ་ཁག་སྐོར་དུ་མར་བགོས་ཏེ་རང་རང་གིས་བཟོ་འགོད་ཀྱི་འགན་གཙང་ལེན་བྱེད་བཞིན་ཡོད།

གོང་མ།:null
འོག་མ།:སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་བརྩེ་བ་རྣལ་མ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
རེབ་གོང་སྟག་ཡན་སྲོལ་རྒྱུན་ཨར&  
སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་'  
མི་རིགས་རིག་གནས་བརྗེ་རེས་ཀྱི&  
འགྱོད་སེམས་མེད་པར་ཧུར་ཐག་བྱས&  
དཀའ་སྡུག་ཕྲག་ཏུ་བླངས་ནས་ཁྱིམ&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
སྤོབས་པ་ཆེན་པོས་འཕེལ་རྒྱས་ཀྱ'  
མཚོ་སྔོན་ཞིང་ཆེན་གྱིས་ཆེས་དམ'  
ཐིན་ཏེ་རྫོང་གིས་ཞབས་ཞུའི་ལས་'  
མཚོ་ནུབ་ཁུལ་ནང་བསྟན་ཆོས་ལུགས&  
དམངས་འཚོ་བཟོ་སྐྲུན་གྱིས་དམངས&  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།