མི་རིགས་རིག་གནས་བརྗེ་རེས་ཀྱི་ཕོ་ཉ།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-07-04   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།

དགེ་རྒན་ཞིག་ལ་ཅི་ལྟ་བུའི་འཚོལ་སྙེག་དང་བརྩེ་སེམས་ཡོད་འོས་ཞེས་དྲིས་པ་ན། མི་ལ་ལས་ལོ་མང་བོར་སློབ་ཁྲིད་བྱས་ནའང་། བརྩི་བཀུར་དང་ཁས་ལེན་འཐོབ་མེད། མི་ལ་ལས་ཀུན་གྱི་སེམས་ལ་བག་ཆགས་ཟབ་མོ་བཞག་ཡོད། མཚོ་སྔོན་མི་རིགས་སློབ་ཆེན་ན་དགེ་རྒན་ཆེན་མོ་ཞིག་ཡོད་དེ། ཁོ་ནི་སློབ་མ་ཀུན་གྱི་བསྔགས་ཡུལ་དུ་གྱུར་བའི་དགེ་རྒན་བཟང་བོ་ཞིག་ཡིན། ཁོའི་མིང་ལ་བཀྲ་ཤིས་ཚེ་རིང་ཟེར།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་ལ་མིག་དཔེ་བསྟན་པ།

༡༩༦༧ལོར། བཀྲ་ཤིས་ཚེ་རིང་རྨ་ལྷོ་ཁུལ་ཐུན་རིན་རྫོང་གི་མི་གྲངས་བརྒྱ་ལྷག་ལས་མེད་པའི་གྲོང་སྡེ་ཆུང་བ་ཞིག་ཏུ་སྐྱེས། ༡༩༨༣ལོའི་ཟླ༩བ་ནས༡༩༨༦གི་ཟླ༧པའི་བར་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་རུ་སློབ་གཉེར་བྱས།༡༩༨༦ལོའི་ཟླ༧པར་མཚོ་སྔོན་མི་རིགས་སློབ་ཆེན་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་ཏུ་རིག་པའི་གནས་ལ་སྦྱངས། ༡༩༩༡ལོའི་ཟླ༧ནས་༢༠༠༠ལོའི་ཟླ༣པའི་བར་སྡེ་ཁག་དེའི་དགེ་རྒན་གྱི་འགན་འཁུར། ༢༠༠༠ལོའི་ཟླ༣པ་ནས༢༠༠༦ལོའི་ཟླ༦པའི་བར་འཇར་པན་དུ་བྱིན་ནས་སློབ་གཉེར་བྱས། ༢༠༡༠ལོའི་ཟླ༣པར་འཇར་པན་སློབ་སྦྱོང་གླིང་སློབ་ཆེན་གྱི་རྩོམ་རིག་འབུམ་རམས་པའི་བསླབ་གནས་བླངས། ཕྱི་ནས་ཕྱིར་རྒྱལ་ནང་དུ་ལོག་པའི་ཕུལ་དུ་བྱུང་བའི་ན་གཞོན་ཞིག་ཡིན་པའི་ཆ་ནས། བཀྲ་ཤིས་ཚེ་རིང་གིས་དུས་ཡུན་རིང་བོར་མི་རིགས་སློབ་གསོའི་བྱ་བ་སྒྲུབ་པ་དང་། ཧུར་ཐག་སྒོས་མི་རིགས་སློབ་གླིང་གི་རིག་གཞུང་ཆེད་ལས་འཛུགས་སྐྲུན་དང་གྲངས་ཉུང་མི་རིགས་ཀྱི་ཤེས་ལྡན་པ་སྐྱེད་སྲིང་བྱེད་པར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱེད་དེ། མི་རིགས་རིག་གནས་བརྗེ་རེས་བྱེད་པར་ཡར་སྐུལ་བཏང་། ཁྱད་པར་དུ་མཚོ་སྔོན་མི་རིགས་སློབ་ཆེན་ཕྱི་སྐད་སློབ་གླིང་གི་གླིང་གཙོ་གཞོན་པ་དང་ཏང་སྤྱིའི་ཀྲི་པུའུ་ཧྲུའུ་ཅིའི་འགན་བཞེས་སྐབས། དབྱིན་ཡིག་དང་ཉི་ཧོང་སྐད་ཡིག ཨ་རབ་སྐད་ཡིག་བཅས་ཀྱི་ཆེད་ལས་འཛུགས་པའི་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་པར་མ་ཟད། སློབ་གྲྭའི་བརྟན་འཇགས་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་སོགས་ཀྱི་བྱ་བའི་ཁྲོད་དུ་ལངས་ཕྱོགས་བརྟན་ཞིང་ཁ་དན་ཚིག་གནས། འགན་སྒྲུབ་ཕོད་པ་དང་ཁུར་དུ་ལེན་ཕོད་པར་བརྟེན་ནས། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཡོངས་ལ་མིག་དཔེ་བསྟན་ལ། སློབ་གྲྭའི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་པར་གྱུར།

རྒྱུས་ལོན་བྱུང་བ་ལྟར་ན། བཀྲ་ཤིས་ཚེ་རིང་ཡོད་སའི་ཕྱི་སྐད་སློབ་གླིང་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་མ་ལྟོས་བཅས་ཀྱིས་ཅུང་མང་བའི་སློབ་གླིང་ཞིག་ཡིན། བཀྲ་ཤིས་ཚེ་རིང་གིས་བརྟན་འཇགས་སྲུང་སྐྱོང་གི་གནོན་ཤུགས་ཆེ་ཞིང་ལས་འགན་ལྗིད་ཟེར།

སློབ་གླིང་བདེ་འཇགས་ཡོང་ཆེད། ཁོས་དངོས་སུ་སློབ་གླིང་ཡོངས་ཀྱི་བོད་རིགས་སློབ་མའི་གྲོས་ཚོགས་བསྡུས་ཏེ། རང་གི་མྱོང་བར་བརྟེན་ནས། སློབ་གྲོགས་རྣམས་ལ་མི་རིགས་མཐུན་སྒྲིལ་གྱི་དགོས་གལ་རང་བཞིན་དང་བརྟན་འཇགས་སྲུང་སྐྱོང་གི་དོན་སྙིང་གལ་ཆེན་སྒྲོག་སྦྱོང་དང་། ཏང་དང་སྲིད་གཞུང་གི་མི་རིགས་ཆོས་ལུགས་སྲིད་ཇུས་སྒྲོག་འགྲེལ་བྱེད་པ་ལས་གཞན། དུས་ལྟར་སློབ་མ་རྣམས་ལ་ཁ་ཏ་སློབ་གསོ་བཏང་།

༢༠༡༣ལོར། བཀྲ་ཤིས་ཚེ་རིང་གིས་སློབ་གྲྭའི་བཀོད་སྒྲིག་ལྟར། ཁོས་སློབ་གྲྭའི་མི་བཅུ་ལས་གྲུབ་པའི་སྒྲོག་སྦྱོང་ཚོ་ཆུང་ཞིག་ཁྲིད་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐུན་ཏེ་རྫོང་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོ་བསྒྲགས། སྐབས་དེར་རྒྱུན་ལྡན་གྱི་སྒྲོག་འགྲེལ་ལས་འགན་ཡོངས་འགྲུབ་བྱས་པ་ལས་གཞན་ད་དུང་སློབ་གྲྭའི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་རྩ་འཛུགས་བྱས་ཏེ་གཞི་རིམ་ལ་སོང་སྟེ། ས་དེ་གའི་ཏང་སྲིད་སྡེ་ཁག་དང་ཁེ་ལས་ལས་དོན་ལས་ཁུངས། རོང་འབྲོག་མང་ཚོགས་བཅས་ལ་ཆེད་དོན་འཆད་ཁྲིད་སྤེལ་བ་དང་། གཞི་རིམ་ལས་བྱེད་མི་སྣའི་བྱ་བ་སྒྲུབ་པའི་ནུས་པ་ཇེ་ཆེ་དང་རོང་འབྲོག་མང་ཚོགས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བར་འབད་པ་བྱས། དེ་དང་མཉམ་དུ་ད་དུང་སློབ་གྲྭའི་བཟོ་ཚོགས་སོགས་སྡེ་ཁག་གིས་ས་དེ་རུ་དབུལ་སེལ་བྱ་འགུལ་སྤེལ་བར་གཞོགས་འདེགས་བྱས་ཏེ། ས་དེའི་སློབ་མ་དང་མང་ཚོགས་ལ་རིག་གནས་ལུས་རྩལ་སྒྲིག་ཆས་དང་ཟས་རིགས་སོགས་ཕུལ་བ་དང་། དོན་དངོས་དང་དོན་བཟང་བསྒྲུབ་པར་བརྩོན་པ་བསྐྱེད་དེ། གཞི་རིམ་མང་ཚོགས་ཀྱི་དཀའ་ཁག་སེལ་ཅི་ཐུབ་བྱས་པས། ས་དེའི་ཏང་སྲིད་སྡེ་ཁག་དང་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ།

ཁོ་ནི་ཕྱི་ནས་འབུམ་རམས་པའི་བསླབ་གནས་བླངས་ཏེ་ཕྱིར་རྒྱལ་ནང་དུ་ལོག་པའི་བོད་ཀྱི་ཕུལ་བྱུང་ན་གཞོན་ཞིག་རེད།

དགེ་རྒན་ཞིག་ལ་མཚོན་ན་རང་གི་ལས་གནས་སྟེང་དུ་རྒྱུན་ཆད་མེད་པར་གསར་གཏོད་དང་འབད་བརྩོན་བྱས་ན། ད་གཟོད་དུས་རབས་ཀྱི་གོམ་འགྲོས་དང་མཉམ་ཐུབ། འཇར་པན་དུ་སློབ་སྦྱོང་བྱེད་པའི་སྐབས་སུ། བཀྲ་ཤིས་ཚེ་རིང་གིས་རང་གི་བརྩོན་པར་བརྟེན་ནས་འབུམ་རམས་པའི་བསླབ་གནས་བདེ་བླག་ངང་བླངས། འོན་ཀྱང་བསླབ་གནས་བླངས་རྗེས་ཁོས་སྔར་བཞིན་འཇར་པན་ནས་འདུག་པའི་གོ་སྐབས་རྒྱབ་ཏུ་དོར་ནས། མ་སྐུལ་དང་བླངས་ཀྱིས་ཕྱིར་ཕ་ཡུལ་མཚོ་སྔོན་ལ་ཡོང་ནས་ཕ་ཡུལ་གྱི་མི་དམངས་ལ་དྲིན་ལན་འཇལ། སློབ་གྲྭ་རུ་ཉི་ཧོང་སྐད་ཡིག་སྡེ་ཁག་འཛུགས་པའི་འགན་བསྒྲུབས། སྡེ་ཁག་དེ་དང་ཐོག་འཛུགས་སྐབས། ཁོས་ངར་ཤུགས་དང་སྙིང་རུས་ཤིག་ལ་བརྟེན་ནས་དགེ་རྒན་གདན་ཞུ་དང་བསླབ་གཞི་སྒྲིག་པ། སློབ་ཁྲིད་འཆར་གཞི་འགོད་པ། སློབ་ཁྲིད་སྒྲིག་ཆས་ཉོ་བ་སོགས་གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་ནས་མགོ་ཚུགས་ཏེ། དཀའ་བ་སྣ་ཚོགས་ཁྱད་སེལ་གྱིས་ཉི་ཧོང་སྐད་ཡིག་གི་ཆེད་ལས་དེ་རིམ་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཆེད་ལས་གྲངས་ཅན་དུ་བསྒྱུར།

སྒོས་སུ་ཕྱི་སྐད་སློབ་གླིང་གི་གླིང་གཙོ་གཞོན་པའི་འགན་བཞེས་རྗེས། ཁོས་ལས་ལ་བརྩོན་ཞིང་སྒྲུབ་ཕོད་པའི་སྙིང་སྟོབས་ལ་བརྟེན་ནས་སློབ་ཁྲིད་དང་དོ་དམ་གྱི་ལས་ལ་ཞུགས་པ་དང་། སྔོན་ཐོན་གྱི་བྱེད་ཐབས་དོ་དམ་དང་སློབ་ཁྲིད་ཀྱི་ཁྲོད་དུ་སྤྱད་དེ། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་ལ་འཚམ་པའི་ཕྱི་སྐད་སློབ་ཁྲིད་བྱེད་སྟངས་ཤིག་ཆགས་པར་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས། ཉི་ཧོང་སྐད་ཡིག་གི་ཆེད་ལས་བཙུགས་པའི་ལོ་འགའི་ནང་དུ། སློབ་མ་བསྡུ་ཚད་དང་སློབ་ཁྲིད་རྒྱུ་སྤུས། ལས་ཞུགས་སོགས་ཕྱོགས་གང་ཡིན་ཡང་ཆ་སྙོམས་ཀྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་དང་པོའི་གྲས་སུ་ཚུད། དེ་དང་མཉམ་དུ་སློབ་མའི་དོན་དག་དེ་རང་དོན་འབའ་ཞིག་ཏུ་བརྩིས་ཏེ། སློབ་མའི་བསམ་བློ་དང་འཚོ་བའི་ཁྲོད་ཀྱི་དཀའ་ཁག་སེལ་ཅི་ཐུབ་བྱས་པས། སློབ་མའི་གོང་བཀུར་ཐོབ་པ་དང་། ཕྱི་སྐད་སློབ་གླིང་གི་རིག་ཚན་ཆེད་ལས་འཛུགས་པར་བྱས་རྗེས་ཆེན་པོ་བཞག ༢༠༠༧ལོར་ཞོ་ཏོ་ན་གཞོན་དགེ་རྒན་གྱི་བྱ་དགའ་ཐོབ།

བཀྲ་ཤིས་ཚེ་རིང་གིས་བཤད་རྒྱུར། དགེ་རྒན་ཞིག་ལ་མཚོན་ན་སློབ་མར་གཅེས་སྐྱོང་དང་སློབ་མའི་མདུན་ལམ་གྱི་དོན་དུ་འབད་འབུངས་བྱ་དགོས་ཟེར། ཁོས་སློབ་ཁྲིད་ཀྱི་འགན་བཞེས་པའི༢༠༠༦ལོ་རིམ་གྱི་བོད་ཉི་སྐད་ཡིག་འཛིན་གྲྭའི་སློབ་མ་ཉེར་ལྔའི་ཁྲོད་ཀྱི་སློབ་གྲོགས་བཅུ་དགུ་འཇར་པན་དུ་སློབ་སྦྱོང་ལ་བྱིན་ཏེ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་འཛིན་གྲྭ་གཅིག་གི་ནང་དུ་ཕྱི་རྒྱལ་དུ་སློབ་གཉེར་ལ་ཕྱིན་པའི་མི་གྲངས་ཆེས་མང་བའི་ཟིན་ཐོ་བསྐྲུན། དུས་མཚུངས་སུ། ༢༠༠༩ལོ་རིམ་བོད་ཉི་སྐད་ཡིག་འཛིན་གྲྭའི་སློབ་མ་ཉེར་གསུམ་ཁྲོད་དུ་རྒྱལ་སྤྱིའི་ཉི་ཧོང་སྐད་ཡིག་རྒྱུགས་སྤྲོད་ཀྱི་ཚད་རིམ་གསུམ་དང་གཉིས་པའི་ཚད་མཐུན་དཔང་ཡིག་ཐོབ་མཁན་སོ་སོར་སློབ་མ་བཅོ་ལྔ་དང་བཅུ་གཉིས་ལ་བསླེབས་ཏེ། ཉི་ཧོང་སྐད་ཡིག་ཆེད་ལས་བཙུགས་ཚུན་གྱི་རྒྱུགས་འབྲས་ལེགས་ཤོས་བསྐྲུན།

གླེང་རིན་ཡོད་པ་ཞིག་ལ་ཁོས་གསར་སྤེལ་བྱས་པའི་རྒྱལ་སྤྱིའི་ཉི་ཧོང་སྐད་བརྡའི་ནུས་པའི་རྒྱུགས་གཞི་ཚད་རིམ་དང་པོ་ནས་གསུམ་པའི་བར་གྱི་ཉི་ཧོང་སྐད་བརྡའི་ཁྲོད་ཀྱི་རྒྱ་ཡིག་དང་ཐ་སྙད། བརྡ་སྤྲོད་བཅས་ཀྱི་མཉམ་འགྲོས་སྦྱོང་དེབ་དང་ཚོད་ལྟའི་རྒྱུགས་ལེན་མ་ལག་སོགས་ད་ལྟ་འབྲེལ་ཡོད་དགེ་རྒན་གྱིས་མཉམ་སྤྱོད་བྱས་ཏེ། སློབ་གྲྭའི་ཉི་ཧོང་སྐད་ཡིག་ཆེད་ལས་ཀྱི་རིམ་འཕར་ཚད་གཞི་ཇེ་མཐོར་བཏང་། ཆེད་ལས་ལེགས་པོར་བསྒྲུབས་པའི་མཚུངས་སུ། མཐོ་རིམ་སློབ་གྲྭས་སྤྱི་ཚོགས་ལ་ཞབས་ཕྱི་བསྒྲུབ་པའི་ནུས་པ་སྔར་ལས་འདོན་སྤེལ་དང་འབྲེལ་ཡོད་ཆེད་ལས་འཕེལ་རྒྱས་སུ་གཏོང་བ། སློབ་གྲྭ་ཆེན་མོའི་མཚན་སྙན་ཇེ་རྒྱས་སུ་གཏོང་ཆེད། བཀྲ་ཤིས་ཚེ་རིང་གིས་གཞན་ལས་ལྷག་པའི་སྒྲུབ་སྟངས་དང་རིག་ལམ་ལ་བརྟེན་ནས། ༢༠༡༢ལོར་ཟླ་དགུ་བར་ཉི་ཧོང་སྐད་ཡིག་རྒྱ་སྤྱིའི་འཛིན་གྲྭ་ཞེས་པ་ཞིག་བཙུགས་ཏེ། རང་ཞིང་རོང་འབྲོག་ཁུལ་གྱི་མཐོ་འབྲིང་སློབ་མར་མུ་མཐུད་དུ་སློབ་སྦྱོང་བྱེད་སའི་མཐུན་རྐྱེན་ཞིག་བསྐྲུན། ད་ལྟ་འཛིན་གྲྭ་དེའི་ཕུལ་བྱུང་སློབ་མ་ཉི་ཤུ་འཇར་པན་དུ་སློབ་སྦྱོང་ལ་མངགས་ཏེ། སྤྱི་ཚོགས་ཀྱི་ལས་ཞུགས་སྣོན་ཤུགས་ཇེ་ཡང་དུ་གཏོང་བར་བྱས་རྗེས་བཞག 
 

བཀྲ་ཤིས་ཚེ་རིང་ལ་ཚན་རིག་ཞིབ་འཇུག་གི་ནུས་པ་ལྡན་པས། སྔ་གཞུག་དུ་རྒྱལ་ཁབ་ཕྱི་ནང་གི་དུས་དེབ་སྟེང་དཔྱད་རྩོམ་བཅུ་ལྷག་སྤེལ་ཏེ་རྒྱལ་ཁབ་ཕྱི་ནང་གི་རིགས་མཐུན་ཆེད་མཁས་པ་མང་པོའི་ཁས་ལེན་འཐོབ། ཁོའི་ཚབ་མཚོན་བརྩམས་ཆོས་«ཉི་ཧོང་དང་ཨ་མདོའི་སྐད་ཁྲོད་ཀྱི་བྱེད་སྐུལ་བརྡ་སྤྲོད་སྣང་ཚུལ་གཤིབ་བསྡུར་ཞིབ་འཇུག»ཅེས་པ་ཉི་ཧོང་ཁ་ས་མཱ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་དང་། དཔེ་དེབ་དེས་འབྲེལ་ཡོད་ཞིབ་འཇུག་ཁྱབ་ཁོངས་ཀྱི་སྟོང་ཆ་ཞིག་བསྐངས། ཁོས་གཙོ་སྒྲིག་བྱས་པའི་བསླབ་གཞི«བོད་སྤྱི་བཤད།»དང «ཉིང་བཅུད་རིག་གནས་སྡོམ་བཤད།» «ཉི་ཧོང་གི་སྐད་ཡིག་ཚད་ལྡན་རབ་གསལ་མེ་ལོང་།»སོགས་མཐོ་རིམ་སློབ་གྲྭ་ཁ་ཤས་ཀྱི་བསླབ་གཞི་བྱས་ཡོད། ཁོས་གཙོ་སྒྲིག་བྱས་པའི«ཉི་བོད་ཨམ་ཕྲག་ཚིག་མཛོད།» དེ་རང་རྒྱལ་གྱི་ཉི་བོད་ཤན་སྦྱར་ཚིག་མཛོད་ཐོག་མར་གྱུར་འདུག་པས། བོད་ཀྱི་ཉི་ཧོང་སྐད་སྦྱང་མཁན་གྱིས་དགའ་བསུ་བྱེད་ཀྱིན་ཡོད་ལ། གྲུབ་འབྲས་དེ་ལ༢༠༠༨ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཕུལ་བྱུང་ཚན་ཞིབ་བྱ་དགའ་ཐོབ།

བྱ་བའི་ཁྲོད་དུ་བཀྲ་ཤིས་ཚེ་རིང་གིས་ཧུར་ཐག་གིས་སྐད་གསུམ་སྨྲ་བའི་འཇོན་མི་སྐྱེད་བསྲིང་བའི་ལས་གཞི་ལག་ལེན་དུ་བསྟར་ཏེ། སློབ་མ་དག་རྒྱ་བོད་སྐད་ཡིག་བྱང་ཆུད་པ་དང་དབྱིན་ཇིའི་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་ལྡན་པ། བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་གི་ལམ་ནས་ཕྱི་དོན་དང་རིག་གནས། གསར་འགྱུར་དཔེ་བསྐྲུན། སློབ་གསོ་སྡེ་ཁག་སོགས་ཀྱི་ལོ་ཙཱ་དང་ཞིབ་འཇུག དྲིལ་སྒྲོག གསར་འགྱུར་རྩོམ་སྒྲིག་སོགས་ཕྱོགས་གང་ཅིར་མཁས་པའི་འཇོན་མི་སྐྱེད་སྲིང་བྱེད་པར་འབད་བརྩོན་བྱས། ལོ་མང་པོའི་རིང་ལ། ཁོས་རང་རྟོགས་ཀྱིས་རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས། བརྒྱ་སྐོར་བཞི་ཞེས་པའི་གསོ་སྦྱོང་འཆར་གཞི་གཏན་ལ་ཕབ་པ་རེད།

ཉེ་བའི་ལོ་འགར། བཀྲ་ཤིས་ཚེ་རིང་གིས་སྔ་གཞུག་ཏུ་ཨོ་ས་གཱ་གཞུང་བཙུགས་སློབ་ཆེན་དང་། ཞིས་རྒ་རྫོང་བཙུགས་སློབ་ཆེན། ཡོ་ཁོ་ཧ་མཱ་ཚོང་གཉེར་སློབ་ཆེན་སོགས་དང་མཉམ་ལས་འབྲེལ་བ་བཙུགས་ཏེ། རིག་གཞུང་བརྗེ་རེས་དང་ཕན་ཚུན་ལ་སློབ་མ་དང་དགེ་རྒན་མངག་པ་སོགས་ཀྱི་ཐད་ནས་གྲོས་མཐུན་བཀོད་པར་མ་ཟད། དོན་ཐོག་ཏུ་འཁྱོལ་བར་བྱས། ད་ལྟའི་བར། ཕྱི་སྐད་སློབ་གླིང་གིས་འཇར་པན་དུ་སློབ་མ་བརྒྱ་དང་བཞི་བཅུ་ལྷག་མངགས། གཞན་ཡང་། བཀྲ་ཤིས་ཚེ་རིང་ལགས་ཀྱིས་རིག་སྟོབས་ལ་བརྟེན་ནས་ཕྱི་སྐད་སློབ་གླིང་གི་ཉི་ཧོང་སྐད་ཡིག་ཆེད་ལས་ཇེ་རྒྱས་སུ་གཏོང་བའི་ཐད་ལ་རོགས་དངུལ་སྒོར་ས་ཡ་གཉིས་ཀྱི་ལས་གཞི་བརྩོན་ལེན་བྱས་པ་དང་། འཇར་པན་གཞུང་ཚབ་ཁང་བརྒྱུད་དེ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཉི་ཧོང་སྐད་ཉམས་ལེན་ལྟེ་གནས་ཞེས་པ་བཙུགས། ༢༠༠༩ལོར་ཡང་རྒྱལ་སྤྱིའི་བརྗེ་རེས་ཐེབས་རྩ་ཚོགས་པའི་རོགས་དངུལ་བརྩོན་ལེན་བྱས་ཏེ། ཀྲུང་གོ་དང་ཉི་ཧོང་རིག་གནས་སྤེལ་རེས་ཁང་བཙུགས། དེ་དང་མཉམ་དུ་ད་དུང་ཨེ་ཤ་ཡའི་བདེ་གསོ་སློབ་གསོ་ཐེབས་རྩ་ཚོགས་པའི་རོགས་དངུལ་ལས་གཞི་བརྩོན་ལེན་བྱས་ཏེ། ལོ་རྒྱུན་དུ་ཕྱི་སྐད་སློབ་གླིང་གི་སྦྱང་འབྲས་གཟེངས་སུ་ཐོན་པའི་སློབ་མར་བྱ་དགའ་བྱིན།

བཀྲ་ཤིས་ཚེ་རིང་ལགས་ནི་འདི་ལྟ་བུའི་མཐུན་སྒྲིལ་ལ་དོ་སྣང་དང་། ཏང་གི་སློབ་གསོའི་ལས་དོན་ལ་དགའ་ཞེན་ཆེ་བའི་ཏང་ཡོན་དང་ལས་བྱེད་པ་བཟང་བོ་ཞིག་ཡིན་ཏེ། མཚོ་སྔོན་མི་རིགས་སློབ་ཆེན་ཕྱི་སྐད་སློབ་གླིང་གི་འཕེལ་རྒྱས་དང་མཚོ་སྔོན་ཞིང་ཆེན་ཉི་ཧོང་སྐད་ཀྱི་སློབ་གསོའི་ལས་དོན་གོང་དུ་སྤེལ་བར་བྱས་རྗེས་ཧ་ཅང་ཆེན་པོ་བཞག་ལ། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་དེ་བས་མིག་དཔེ་བསྟན།

གོང་མ།:null
འོག་མ།:འགྱོད་སེམས་མེད་པར་ཧུར་ཐག་བྱས་མཐར། འཆར་ལྡན་བུ་སྐྱེས་བྱ་བར་གྲུབ་འབྲས་ཐོན།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
མི་རིགས་རིག་གནས་བརྗེ་རེས་ཀྱི&  
འགྱོད་སེམས་མེད་པར་ཧུར་ཐག་བྱས&  
དཀའ་སྡུག་ཕྲག་ཏུ་བླངས་ནས་ཁྱིམ&  
སློབ་མ་དང་ཁྱིམ་བདག་ཡིད་ཆེས་པ'  
རྩེ་ཁོག་རྫོང་གི་ཧོས་རིགས་སྨན&  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ&  
“ས་ཁུལ་གསུམ”འཛུགས་སྐྲུན་ལ་སྟོབ&#  
མགོ་ལོག་དང་ཡུས་ཧྲུའུ་སོགས་ས་'  
མཚོ་ལྷོ་ཁུལ་གྱིས་གནས་སྐོར་ལས&  
མཚོ་བྱང་བོད་རིགས་རང་སྐྱོང་ཁུ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།