དཀའ་སྡུག་ཕྲག་ཏུ་བླངས་ནས་ཁྱིམ་གཞིས་བསྐྱངས།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-07-04   རྩོམ་གྱི་ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།

རྩེ་ཁོག་རྫོང་དཔྱི་ས་ཞང་དར་དམར་སྡེ་བ་རུ་སྒྲོལ་མ་སྐྱིད་ཚང་གི་ཁྱིམ་ཚང་དེ་མི་རྣམས་ཀྱིས་ཡིད་སྨོན་བྱེད་སའི་བདེ་སྐྱིད་ཀྱི་ཁྱིམ་གཞིས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། ཁྱིམ་ཚང་དེ་ལ་མི་གྲངས་བརྒྱད་ཡོད་པ་སྟེ། གོང་ན་རྒན་པ་གཅིག་དང་ཞོལ་ན་བྱིས་པ་གསུམ། ད་དུང་གཉོར་བུ་གཉིས་བཅས་མི་དྲུག་དང་། སྒྲོལ་མ་སྐྱིད་བཟའ་མི་གཉིས་བསྣན་ཚེ་ཁྱོན་བསྡོམས་བཟའ་མི་བརྒྱད་ཡོད་ཅིང་། ཁྱིམ་ཚང་འགྲིག་མཐུན་ཡོང་བས་སྡེ་མི་ཡོངས་ཀྱིས་དུས་དང་རྣམ་པ་ཀུན་དུ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་མཆིས།

ཉིས་སྟོང་གསུམ་ལོར། སྒྲོལ་མ་སྐྱིད་དང་འཕགས་པ་ཚེ་རིང་གཉིས་གཉེན་སྒྲིག་བྱས་པ་རེད། གཉེན་སྒྲིག་བྱས་རྗེས་སུ་ཁོ་བཟའ་མི་གཉིས་ཀྱིས་ཕྱུགས་འཚོ་བ་དང་ཁྱིམ་ལས་ཙག་ཙིག་བཅས་ཀྱི་ཁྲོད་ནས་ཁོམ་སྐབས་ཀྱི་དུས་ཚོད་ནི་ཧ་ཅང་ཉུང་། ཡིན་ནའང་ཁོ་བཟའ་མི་གཉིས་ཀྱིས་ཉིན་མ་རེའི་ཟ་མ་གཡོས་སྦྱོར་བྱེད་ཐེངས་འཕགས་པ་ཚེ་རིང་གི་ཕ་རྒན་ཏེ། སྒྲོལ་མ་སྐྱིད་ཀྱི་ཨ་མྱེས་ལ་ཆེད་དུ་ཟ་མ་ཞིམ་པོ་རེ་ལས་བཞིན་ཡོད། ལོ་འགའི་རྗེས་སུ་བྱིས་པ་གསུམ་ཡོད་པ་ནས་བཟུང་སྔོན་ཆད་ཅུང་དབུལ་ཕོངས་ཡིན་པའི་ཁྱིམ་ཚང་དེའི་འཚོ་བར་སྔར་ལས་གནོན་ཤུགས་ཆེན་པོ་བྱུང་ཞིང་། སྒྲོལ་མ་སྐྱིད་ཀྱིས་རང་གི་ཁྱོ་ག་འཕགས་པ་ཚེ་རིང་ཕྱི་རོལ་དུ་ཞོར་ལས་བྱེད་དུ་མངགས་པ་དང་ཁྱིམ་ཚང་གི་བྱ་བ་ཆེ་མ་ཆུང་གསུམ་ཚང་མ་རང་ཉིད་གཅིག་པུས་ཕྲག་ཏུ་བླངས།

ཉིན་ཞིག་འཕགས་པ་ཚེ་རིང་གི་ཨ་ཅེ་ཕྱིར་རང་ཁྱིམ་དུ་ལོག་ནས་ངུ་ངག་དང་བཅས་ཏེ་རང་གི་སྐྱེས་པ་དང་གཉེན་འཐོར་བྱས་པའི་གནས་ཚུལ་བཤད་བྱུང་བ་དང་། ཁོ་མོ་ད་ལྟ་ཕྱི་རོལ་དུ་ཞོར་ལས་སུ་འགྲོ་ན་བྱིས་པ་ཁྱེར་ནས་སོང་ན་སྟབས་མི་བདེ་བས་གནས་སྐབས་སུ་རང་གི་བྱིས་པ་སྒྲོལ་མ་སྐྱིད་ཚང་གི་ཁྱིམ་དུ་འཇོག་དགོས་པ་དང་། ཁོ་མོས་ཕྱི་རོལ་ནས་རང་ལ་སྡོད་གནས་ཤིག་གཏན་འཁེལ་བྱས་རྗེས་སུ་ད་གཟོད་ཕྱིར་རང་གི་བྱིས་པ་ལེན་དུ་ཡོང་རྒྱུ་ཡིན་ཚུལ་བཤད་རྗེས་སུ་ཕྱི་རོལ་དུ་ཞོར་ལས་ལ་བུད་སོང་། ཡིན་ནའང་བློ་ཡུལ་ལས་འདས་པ་ཞིག་ལ་ཁོ་མོ་དུས་དེ་ནས་བཟུང་སྟེ་གཏན་ནས་ཕྱིར་ཡོང་རྒྱུ་མ་བྱུང་། རྒྱུ་མཚན་དེའི་དབང་གིས་འབྱོར་བ་ཞན་པའི་སྒྲོལ་མ་སྐྱིད་ཚང་གི་ཁྱིམ་ཚང་དེ་ལ་ཡང་བསྐྱར་མི་གྲངས་སྔར་བས་ཇེ་མང་དུ་སོང་བ་དང་བསྟུན་ནས་འཚོ་བའི་གནོན་ཤུགས་ཀྱང་སྔར་ལས་ཇེ་ལྗིད་དུ་བུད་སོང་།

སྒྲོལ་མ་སྐྱིད་ཀྱི་ཨ་མྱེས་ལ་རུས་ཚིགས་གསར་སྐྱེས་ཀྱི་ནད་རྙིང་ལྗིད་མོ་ཞིག་ཡོད་པས་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་གོ་བརྒྱད་ལོར་རྐང་པ་གཉིས་གཞི་ནས་ཞ་བོར་གྱུར་བ་དང་། སྔ་གཞུག་ཏུ་སྒྲོལ་མ་སྐྱིད་ཀྱི་ཨ་ནེ་ཡང་ཚེ་ལས་འདས་སོང་། ཁོ་ཚང་གི་གྱན་གཅིག་དང་ཕྱེད་ཀ་ཙམ་གྱི་ས་ཁང་རྙིང་པ་དེ་ཞིག་རལ་དུ་གྱུར་ཞིང་། ཁང་པའི་ཚ་ཐབ་སྟེང་དུ་ལོ་ན་ང་གསུམ་ལ་སོན་པའི་ཞ་བོར་གྱུར་བའི་ཨ་མྱེས་ཚེ་དཔའ་གན་རྐྱལ་དུ་ཉལ་འདུག སྒྲོལ་མ་སྐྱིད་ཀྱིས་ནམ་རྒྱུན་དུ་ལོ་ངོ་བཅུ་ཡི་དུས་ཚོད་དེ་ཉིན་གཅིག་ནང་བཞིན་རང་གི་ཨ་མྱེས་ཀྱི་ངོ་གདོང་བཀྲུ་བ་དང་རྐང་པ་བཀྲུ་བ། རྩ་ཆུ་འཕོ་བ་བཅས་ཀྱི་ཞབས་ཏོག་བསྒྲུབས་པ་དང་མཉམ་དུ་ད་དུང་བྱིས་པ་དེ་དག་ལ་གཉོར་སྐྱོང་བྱེད་བཞིན་མཆིས། ཉིས་སྟོང་བཞི་ལོར་ཨ་མྱེས་ཀྱི་ནད་གཞི་དེ་རིམ་བཞིན་ཇེ་སྡུག་ཏུ་སོང་ནས་ལམ་དུ་འགྲོ་བའི་ནུས་པ་ཡོངས་སུ་ཉམས་སོང་བ་རེད། སྐབས་དེར་ཕྱི་རོལ་ན་ཞོར་ལས་གཉེར་བཞིན་པའི་འཕགས་པ་ཚེ་རིང་གིས་རང་གི་ཕ་རྒན་སྨན་ཁང་དུ་བསྐྱལ་ནས་ཕལ་ཆེར་ཟླ་གསུམ་ཙམ་གྱི་རིང་ལ་སྨན་ཁང་ནས་ཞག་སྡོད་བྱས་ཏེ་སྨན་བཅོས་བྱས་པས་སྨན་རིན་ལ་སྒོར་མོ་ཁྲི་དགུ་ལྷག་ཤོར་བ་དང་། སྒོར་མོ་ཁྲི་དྲུག་གི་དོམ་འོག་ཏུ་ལྷུང་སོང་། སྐབས་དེར་སྒྲོལ་མ་སྐྱིད་ཀྱི་ཨ་མྱེས་ཀྱིས་རང་གི་ནད་གཞི་དེ་དྲག་སྐྱེད་འབྱུང་དུ་མེད་པའི་ཁར་རང་གི་བུ་དང་མནའ་མ་གཉིས་སྡུག་ལ་གཏད་འགྲོ་བར་བསམ་ནས་མུ་མཐུད་དུ་སྨན་བཅོས་བྱེད་རྒྱུ་མིན་པའི་སེམས་ཐག་བཅད།

སྐབས་དེར་སྒྲོལ་མ་སྐྱིད་ཀྱིས་རང་གི་ཨ་མྱེས་ཀྱི་སེམས་ཁམས་མི་སྐྱིད་པའི་སྣང་ཚུལ་དེ་མཐོང་རྗེས། ཁོ་མོ་ཨ་མྱེས་ཀྱི་ནད་ཁྲིའི་འགྲམ་དུ་བསྡད་དེ་སྨན་ལྡུད་ཞོར་དུ་ཨ་མྱེས་ལ་ཞུ་བ་བྱས་ནས་བཤད་རྒྱུར། “ཨ་ཕ། བུ་མོ་ངས་ཁྱེད་ལ་བདག་སྐྱོང་བྱེད་རྒྱུ་ནི་ངས་བསྒྲུབ་འོས་པའི་དོན་དག་ཉག་ཅིག་ཡིན། ང་ཁྱེད་དང་འགྲོགས་ནས་ལོ་ངོ་འདི་འདྲ་མང་པོ་ཞིག་ལ་འགོར་བས་ང་ནི་ཁྱེད་ཀྱི་བུ་མོ་ངོ་མ་དེ་ཡིན། དེ་བས་ཁྱེད་ཀྱི་ལུས་ཕུང་བདེ་ཐང་འབྱུང་རྒྱུ་ནི་ང་ཚོའི་སེམས་དོན་ཉག་གཅིག་ཡིན་ཞིང་། ཁྱེད་ཀྱིས་འདི་ལྟར་ཨུ་ཚུགས་ཀྱིས་སྨན་བཅོས་མ་བྱས་པར་གལ་ཏེ་ཁྱོད་ལ་དོན་དག་ཅིག་བྱུང་ཚེ། ད་ནི་ང་ཚོའི་མགོ་ཐོག་གི་གནམ་བརྡིབས་པ་དང་འདྲ་བས་དེ་དུས་ང་ཚོས་ཅི་ཞིག་བྱ།”ཞེས་ཡང་ཡང་ཞུ་བ་བྱས། སྐབས་དེར་མནའ་མ་སྒྲོལ་མ་སྐྱིད་ཀྱི་ལྷད་མེད་ཀྱི་སེམས་གཏམ་དེ་དག་གིས་མལ་སར་ལྷུང་བའི་ཨ་མྱེས་ཀྱི་མིག་ཟུང་གི་མཐའ་རུ་སེམས་འགུལ་ཐེབས་པའི་མཆི་མ་ཞིག་དབང་མེད་དུ་འཁྱིལ་འོང་གི་འདུག

སྒྲོལ་མ་སྐྱིད་ཀྱི་ཨ་མྱེས་ཞ་བོར་གྱུར་བའི་ལོ་ངོ་བཅུའི་ནང་དུ་སྒྲོལ་མ་སྐྱིད་དང་འཕགས་པ་ཚེ་རིང་བཟའ་མི་གཉིས་ཀྱིས་ཁྱིམ་གྱི་ནོར་ལུག་རྣམས་བཙོང་ནས་ཁོ་ལ་ནད་བཅོས་ཡང་ཡང་བྱས་ནའང་ནད་གཞི་དེ་ཇེ་ཡང་དུ་འགྲོ་བའི་སྣང་ཚུལ་ཅི་ཡང་མ་བྱུང་། ཨ་མྱེས་ཀྱི་སེམས་ཁམས་དེ་ཅུང་ཙམ་གཡེང་བར་བྱེད་ཆེད་དུ་སྒྲོལ་མ་སྐྱིད་ཀྱིས་ཁོའི་སྔས་མགོར་བརྙན་འཕྲིན་ཞིག་བཞག་ཡོད་པ་དང་། བརྙན་འཕྲིན་ལ་བལྟས་པ་བརྒྱུད་ནས་ནད་པའི་སེམས་ཁམས་ཀྱང་ཅུང་བདེ་ལ་འབབ་ཐུབ་ཀྱིན་ཡོད་པར་མ་ཟད། ཁོས་ད་དུང་བརྙན་འཕྲིན་ལས་གཏོང་བཞིན་པའི་ཉིན་རྒྱུན་གྱི་གསར་འགྱུར་དག་རེ་རེ་བཞིན་ཤོད་ཐུབ་ཀྱིན་ཡོད་པར་མ་ཟད། ད་དུང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དང་སྨན་བཅོས་འགན་སྲུང་སྲིད་ཇུས་སོགས་གནས་ཚུལ་སྐོར་ཞིག་ལ་རྒྱུས་ལོན་བྱེད་ཐུབ་ཀྱིན་ཡོད། སྒྲོལ་མ་སྐྱིད་ཀྱིས་ཉིན་རྒྱུན་དུ་ཨ་མྱེས་སྤྲོ་སྣང་ཡོད་པའི་དོན་དག་སྐོར་ཁོ་ལ་གླེང་མོལ་བྱེད་པ་དང་། ཅི་ནུས་གང་ཐུབ་ཀྱིས་ཁོ་དང་འབྲེལ་འདྲིས་བྱས་ནས་རང་གི་ཨ་མྱེས་ལ་ཁྱིམ་གཞི་ཞིག་གི་དྲོད་འཁོལ་དང་བདེ་སྐྱིད་མྱོང་དུ་འཇུག་བཞིན་ཡོད།

ཆུང་མ་དང་ཨ་མ། མནའ་མ་བཅས་ཀྱི་འགན་འཁྲི་ཡོད་ཚད་ཕྲག་ཏུ་ལྷུང་བའི་སྒྲོལ་མ་སྐྱིད་ཀྱིས་དུས་དང་རྣམ་པ་ཀུན་དུ་བྱིས་པ་དང་རྒན་པར་གཉོར་སྐྱོང་བྱེད་པ་དང་ཁྱོ་གར་སེམས་ཁུར་བྱེད་པའི་དཀའ་སྡུག་གི་འཚོ་བའི་བཤུལ་ལམ་རིང་མོའི་ཁྲོད་དུ་ཡིད་ཆད་དང་འཁང་སེམས་ཀྱི་སྐད་ཆ་གཅིག་ཀྱང་ཡེ་ནས་བཤད་མྱོང་མེད། ཁྱིམ་གྱི་དོན་དག་ཚང་མ་སྒྲོལ་མ་སྐྱིད་ཀྱིས་སེམས་སུ་བཟུང་ཡོད་པ་དང་། ནད་པས་བཟའ་བཏུང་ཅི་ཞིག་འདོད་པ་དེ་ཁོ་མོས་ནམ་རྒྱུན་དེ་བཞིན་དུ་གཡོས་སྦྱོར་བྱེད་བཞིན་ཡོད། ལོ་རེ་རེའི་ལོ་སར་གྱི་སྐབས་སུ་སྒྲོལ་མ་སྐྱིད་ཀྱིས་རང་གི་ཨ་མྱེས་ལ་ཁོ་རང་དགའ་བའི་ལེགས་སྐྱེས་ཉོ་རྒྱུ་དེ་གཏན་ནས་བརྗེད་མ་མྱོང་ལ་། ནམ་ཟླ་འཁྱགས་པའི་སྐབས་སུ་ཁོ་མོས་ད་དུང་རང་གི་ཨ་མྱེས་ལ་བལ་ཝ་མཐུག་པོ་བསྐོན་བཞིན་ཡོད་པས་མོའི་ཨ་མྱེས་ཀྱི་སེམས་ཁམས་དེ་བདེ་བའི་དྲོད་ཀྱིས་ཁེངས་ཡོད། སྒྲོལ་མ་སྐྱིད་ཀྱིས་ནམ་རྒྱུན་ཕྱུགས་འཚོ་བ་དང་བཞོན་མ་བཞོ་བ། འོ་མ་དཀྲོགས་པ། ལྕེ་ཕུད་པ་སོགས་ཀྱི་ལས་ཀ་ཡོད་ཚད་ལས་བཞིན་ཡོད་པར་མ་ཟད། ཨ་མྱེས་སེམས་བདེ་བའི་ཆེད་དུ་ཁོ་མོས་ཁྱིམ་གྱི་དོན་དག་ཡོད་ཚད་དང་བྱིས་པ་གཉོར་སྐྱོང་བྱེད་པའི་བྱ་བ་ཚང་མ་འགན་དུ་འཁུར་ཡོད།

སྒྲོལ་མ་སྐྱིད་དང་མོའི་སྐྱེས་པ་གཉིས་ཀྱིས་ནད་ཀྱིས་ཟིན་པའི་ཨ་མྱེས་དང་དྭ་ཕྲུག་བྱིས་པ་གཉིས་ཀྱི་འཚོ་བ་དང་སེམས་ཁམས་ལ་ནམ་རྒྱུན་འདང་བརྒྱབ་ནས་ཁོ་ཚོའི་བཟའ་བཏུང་དང་གྱོན་པ་སོགས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཅི་ཐུབ་བྱེད་ཀྱིན་ཡོད་པར་མ་ཟད། སེམས་གསོའི་སྐད་ཆའང་མང་དུ་བཤད་བཞིན་ཡོད་པས་མལ་སར་ལྷུང་བའི་ཨ་མྱེས་ཀྱིས་ནམ་ཡང“ང་ལ་ཕ་མར་གཅེས་པའི་བུ་མོ་བཟང་བོ་ཞིག་ཡོད”ཅེས་རྒྱུན་དུ་སྒྲོལ་མ་སྐྱིད་ལ་བསྟོད་བསྔགས་བྱེད་ཀྱིན་ཡོད།

སྒྲོལ་མ་སྐྱིད་ཀྱིས་མོས་གཉོར་བའི་དྭ་ཕྲུག་གཉིས་ལ་རང་གི་ཤ་ལས་མཆེད་པའི་བུ་ཕྲུག་ནང་བཞིན་གཉོར་སྐྱོང་བྱེད་ཀྱིན་ཡོད་པ་དང་། རིམ་གྱིས་བྱིས་པ་དེ་གཉིས་ཀྱང་སློབ་ལོ་རན་པའི་བྱིས་པར་གྱུར་བས་སྒྲོལ་མ་སྐྱིད་ཀྱིས་བྱིས་པ་གཉིས་སློབ་གྲྭར་བསྐྱལ་ནས་སློབ་གསོ་མྱོང་དུ་བཅུག བྱིས་པ་དེ་གཉིས་ཀྱང་ཨ་མ་དང་བྲལ་བའི་སྡུལ་བསྔལ་གྱི་ཁྲོད་ནས་རིམ་གྱིས་མནར་སོན་ཞིང་། ད་ལྟ་གཞི་ནས་སྒྲོལ་མ་སྐྱིད་ནི་རང་གི་ཨ་མ་ངོ་མར་བརྩི་བཞིན་ཡོད། ནམ་རྒྱུན་བྱིས་པ་དེ་གཉིས་ཀྱིས་སྒྲོལ་མ་སྐྱིད་ལ་ཨ་མ་ཞེས་འབོད་ཐེངས་རེ་རེར། སྒྲོལ་མ་སྐྱིད་ཀྱི་བསམ་པར་ཁོ་མོས་མྱོང་བའི་དཀའ་སྡུག་ཡོད་ཚད་ནི་གླེང་རིན་མེད་པ་ཞིག་ཡིན་ཞིང་། གཙོ་བོ་ཁྱིམ་གཞིས་འདི་དང་ད་དུང་རང་གི་ཨ་མྱེས་དང་བྱིས་པ་འདི་ཚོས་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་ཐུབ་སོང་ན་རང་ཉིད་ཀྱིས་ཅི་ཞིག་བློས་གཏང་དགོས་ཀྱང་དངོས་ནས་འགྱོད་པ་སྤུ་ཙམ་ཡང་མེད་པར་བསམ་བཞིན་ཡོད། 

གོང་མ།:null
འོག་མ།:སློབ་མ་དང་ཁྱིམ་བདག་ཡིད་ཆེས་པའི་དགེ་རྒན་བཟང་བོ།
 གསར་འཛུགས་གནས་ཚུལ།
རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་ཀྱ'  
རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས&  
ཞི་ཅིན་ཕིན་རྒྱལ་ཡོངས་སྲིད་གྲ'  
རྨ་ལྷོ་ཁུལ་དབྱི་སི་ལན་ཆོས་ལུ'  
གཅན་ཚ་རྫོང་གིས་མི་རིགས་མཐུན་  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
དཀའ་སྡུག་ཕྲག་ཏུ་བླངས་ནས་ཁྱིམ&  
སློབ་མ་དང་ཁྱིམ་བདག་ཡིད་ཆེས་པ'  
རྩེ་ཁོག་རྫོང་གི་ཧོས་རིགས་སྨན&  
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ&  
“ས་ཁུལ་གསུམ”འཛུགས་སྐྲུན་ལ་སྟོབ&#  
མགོ་ལོག་དང་ཡུས་ཧྲུའུ་སོགས་ས་'  
མཚོ་ལྷོ་ཁུལ་གྱིས་གནས་སྐོར་ལས&  
མཚོ་བྱང་བོད་རིགས་རང་སྐྱོང་ཁུ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
ཞིང་ཆེན་དང་ཁུལ་རྫོང་རིམ་པ་སོ&
གཅན་ཚ་རྫོང་གིས་རྣམ་པ་ཀུན་འཛོ'
དེ་ལས་མང་བ།