གཞན་ཕན་ལྷག་བསམ་གྱིས་ཕྱུག་པའི་གྲྭ་བཙུན་འཇམ་དབྱངས།
ཡིག་ཆ་སྤེལ་བའི་དུས་ཚོད།:2014-02-27   རྩོམ་གྱི་ཡོང་ཁུངས།

  རྨ་ལྷོ་སོག་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་མཚམས་སུ་ཡོད་ལ།ཕྱུགས་ལས་རྐྱང་རྐྱང་གཉེར་བའི་འབྲོག་ཁུལ་ཞིག་ཡིན།ས་མཐོ་ལ་ཆུ་གཙང་བའི་སོག་རྫོང་རྩྭ་ཐང་འདི་ནས་བྱམས་དང་སྙིང་རྗེའི་ཕྱུག་ལ་གཞན་ཕན་གྱི་ལྷག་བསམ་ལྡན་པའི་ཆོས་ལུགས་མི་སྣ་མང་པོ་ཞིག་བྱུང་མྱོང་ལ།ཁོང་ཚོས་རང་རང་གི་ནུས་པ་ལ་བརྟེན་ནས་ཕ་ཡུལ་གྱི་མི་རིགས་མཐུན་སྒྲིལ་དང་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དར་སྤེལ་སོགས་ཀྱི་ཕྱོགས་ལ་བྱས་རྗེས་མི་དམན་པ་བཞག་དང་འཇོག་བཞིན་ཡོད།གྲྭ་བཙུན་འཇམ་དབྱངས་ནི་དེའི་ནང་གི་གཅིག་ཡིན།ཁོ་ནི་ཁུ་སིན་ཞང་ཤིང་བཟའ་དགོན་པའི་གྲྭ་བཙུན་དཀྱིས་མ་ཞིག་ཡིན་ལ།ཁྱིམ་ཚང་ཡང་དེ་འདྲའི་ཕྱུག་པོ་ཞིག་མིན།ཡིན་ནའང་།ལོ་མང་པོའི་རིང་ལ་ཁོས་ཆོས་ལུགས་མི་སྣ་ཞིག་གིས་སྒྲུབ་དགོས་པའི་བྱ་བ་ཐམས་ཅན་སྒྲུབ་པ་མ་ཟད།ད་དུང་རང་གི་ནུས་པ་དང་བྱ་སྤྱོད་ལ་བརྟེན་ནས་སྤྱི་ཚོགས་ལ་ཕན་པའི་བྱ་བ་སྣ་ཚོགས་སྒྲུབ་པ་དང་།མི་དམངས་ལ་ཞབས་ཞུ་བྱེད་པའི་འདུན་པ་ནམ་ཡང་མ་དོར་བར་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་གྱི་ཕྱོགས་ལ་གཞན་ལས་ལྷག་པའི་བྱས་རྗེས་འཇོག་བཞིན་མཆིས།

     ༢༠༠༤ལོར་ཀན་སུའུ་ཞིང་ཆེན་ཀ་ཆུ་ས་ཁུལ་གྱི་ཧོས་རིགས་མང་ཚོགས་ཤིག་གི་ཡུལ་ལ་མེ་སྐྱོན་ཤོར་ནས་ཁང་བ་མེས་སྲེག་པ་དང་།རང་གི་ཆུང་མའང་ལོ་མང་པོའི་རིང་ལ་ནད་བྱུང་ནས་ཉལ་སར་ལྷུང་ཡོད་པས།ཐབས་ཟད་ནས་འཚོ་བའི་ཆེད་དུ་བཟའ་ཟླ་གཉིས་རང་རྫོང་དུ་སློང་མོར་ཡོངས་བ་དང་།མཐར་ཁི་སིན་ཞང་ནས་ལས་ཀ་ཙག་ཙིག་ཅིག་བཙལ་ནས་བསྡད།དོན་འདི་འཇམ་དབྱངས་ཀྱིས་ཐེངས་ཤིག་སྟེས་དབང་གིས་ཤེས་སོང་བས།ཁོས་ཐེ་ཚོམ་སྤུ་ཙམ་མེད་པར་ཧོས་རིགས་བཟའ་ཟླ་དེ་གཉིས་རང་གི་འབྲོག་ཁྱིམ་དུ་ཁྲིད་སོང་བ་དང་།དེར་གཞིས་སྡོད་བྱེད་དུ་བཅུག སྒོར་སྟོང་ལྔ་བྱིན་ནས་སྐབས་དེའི་འཚོ་བའི་གནད་དོན་ཐག་གཅོད་བྱས།དུས་དེ་ནས་བཟུང་ཧོས་རིགས་བཟའ་ཟླ་གཉིས་ཀ་འཇམ་དབྱངས་ཀྱི་འབྲོག་ཁྱིམ་ནས་བཅའ་སྡོད་བྱས་པ་དང་།ཧོས་རིགས་ཆུང་མས་རྒྱུན་དུ་འཇམ་དབྱངས་ཀྱི་ཕ་མ་གཉིས་ལ་རོགས་བྱས་ནས་ཕྱུགས་འཚོ་བ་སོགས་ཀྱི་ལས་ཀ་གཉེར་བ་དང་།ཁྱོ་ག་རྒྱུན་དུ་ཕྱི་རུ་ལས་ཀ་འཚོལ་དུ་སོང་ནས་ཡོངས་སྒོ་བཙལ།ལོ་གཉིས་ཀྱི་རྗེས་སུ་ཆུང་མའི་ལུས་པོ་ཇེ་བཟང་དུ་སོང་བ་དང་།ཁོ་གཉིས་ལ་གསོག་འཇོག་ཀྱང་ཉུང་ཙམ་ཡོད་པས་འཇམ་དབྱངས་ཚང་གི་འབྲོག་ཁྱིམ་དང་ཁ་བྲལ་ནས་ཕྱིར་ཀ་ཆུ་རུ་བུད་སོང་།

     ལོ་དེའི་ཟླ༨པར།ཁི་སིན་ཞང་ལ་རྒྱ་རིགས་ལྐུག་པ་ཞིག་ཐོན་བྱུང་།ཁོའི་ཕ་ཡུལ་སོགས་ཀྱི་གནས་ཚུལ་ཤེས་མཁན་གཅིག་ཀྱང་མ་བྱུང་།རྒྱུན་དུ་མཐོང་ཐུབ་པ་ནི་ཁོས་གད་སྙིགས་ནང་ནས་ཅི་ཞིག་འཚོལ་བཞིན་པ་དེ་ཡིན།དོན་དངོས་སུ་ཁོས་གད་སྙིགས་ནང་ནས་བཟའ་ཆས་རེ་འཚོལ་བཞིན་ཡོད་པ་རེད།བྱམས་དང་སྙིང་རྗེ་ཡིས་ཕྱུག་པའི་འཇམ་དབྱངས་ཀྱིས་དོན་འདི་ཤེས་རྗེས་ལྐུག་པ་དེ་རང་ཡུལ་དུ་ཁྲིད་ཡོངས་ནས་ལུས་ཡོངས་ལ་ཁྲུས་བྱས་པ་དང་གྱོན་པ་གསར་བ་བརྗེས།དེ་ནས་བཟུང་ལྐུག་པ་དེ་འཇམ་དབྱངས་ཀྱི་འགྲམ་ནས་གཏན་སྡོད་བྱེད་འགོ་བརྩམས་པ་དང་།དུས་ད་ལྟའི་བར་དུ་ལོ་དགུ་ལྷག་འགོར་སོང་།ལོ་ངོ་དགུ་ཡི་རིང་ལ་འཇམ་དབྱངས་ཀྱིས་སྒོར་ཁྲི་ལྔ་ལྷག་གི་འགྲོ་སོང་བཏང་ནས་ལྐུག་པ་དེ་སྨན་པར་བསྟན་པ་དང་།སྒོར་ཁྲི་གཉིས་ལྷག་གི་འགྲོ་སོང་བཏང་ནས་ལྐུག་པ་དེར་འདུག་ཁང་ཞིག་ཀྱང་བཟོས།ལྐུག་པ་དེར་མཚོན་ན་སྐད་ཆ་བཤད་མི་ཤེས་ལ་ཡི་གེ་ཡང་འབྲི་མི་ཤེས་མོད།ནམ་ཡང་འཇམ་དབྱངས་དང་ཁ་མི་འབྲལ།ཁོས་རྒྱུན་དུ་འཇམ་དབྱངས་ཀྱི་ཁང་བའི་ནང་ལ་གཙང་སྦྲ་བྱེད་པ་དང་།རང་ནུས་ཅི་ཡོད་ཀྱིས་འཇམ་དབྱངས་ལ་རོགས་རམ་བྱེད་ངེས།ལོ་མང་པོའི་འབྲེལ་འདྲིས་བརྒྱུད་ཁོ་གཉིས་ཕན་ཚུན་ལ་ཕུ་ནུ་ལྟ་བུའི་བརྩེ་འདང་ཆགས་ཡོད་པ་ཞིག་ཏུ་གྱུར་ཡོད།

     གྲྭ་བཙུན་འཇམ་དབྱངས་ལ་མཚོན་ན་རིག་གནས་ཀྱི་གོ་རྟོགས་དེ་འདྲའི་མཐོན་པོ་མེད་མོད།ཁོས་དགོན་པའི་ཚོང་ཁང་ཆུང་བ་དེ་ལ་བརྟེན་ནས་ཡོངས་སྒོ་ཉུང་ཙམ་ལོན་པ་དག་གཞན་ཕན་གྱི་ཆེད་དུ་འབུལ་དང་འབུལ་བཞིན་ཡོད།༢༠༠༧ལོར་ཁོས་ཁི་སིན་ཞང་སློབ་ཆུང་དང་མདོ་གསུམ་ཞང་སློབ་ཆུང་གཉིས་ལ་སྒོར་༢༠༠༠རེའི་ཞལ་འདེབས་ཕུལ་བ་དང་།༢༠༡༢ལོར་ཡང་བསྐྱར་ཁི་སིན་ཞང་སློབ་ཆུང་ལ་སྒོར༡༠༠༠གི་ཞལ་འདེབས་ཕུལ།༢༠༠༤ལོ་ནས་༢༠༠༠ལོའི་བར་ལོ་རེར་དགོན་པའི་འཛིན་གྲྭར་སྒོར༡༠༠༠༠རེ་བྱིན་པ་དང་།༢༠༠༥ལོ་ནས༢༠༠༨ལོའི་བར་དབུལ་སྐྱོར་ཁྱིམ་ཚང༥ལ་ལོ་རེར་སྒོར༥༠༠རེའི་འཚོ་བའི་ཁ་སྣོན་བྱིན་པ་རེད།༢༠༠༨ལོར་རླངས་འཁོར་དོན་རྐྱེན་བྱུང་བའི་འབྲོག་མི་ཞིག་ལ་སྒོར༡༠༠༠གི་རོགས་དངུལ་བྱིན་དང་།༢༠༠༩ལོར་དཀའ་ཚེགས་ཧ་ཅང་ཆེ་བའི་འབྲོག་ཁྱིམ་ཞིག་ལ་སྒོར་༡༥༠༠ཡི་རོགས་སྐྱོར་བྱས།དེ་མིན་ན་ཚ་བྱུང་ནས་ཉལ་སར་ལྷུང་ཡོད་པའི་བུ་མོ་ལ་སྒོར༡༠༠༠གི་སྨན་རིན་བྱིན།༢༠༡༠ལོར་ཁོས་འཚོ་བར་དཀའ་ངལ་ཡོད་པའི་འབྲོག་པ་ཞིག་ལ་སྒོར༢༠༠༠ཡི་རོགས་སྐྱོར་བྱས།༢༠༠༥ལོ་ནས༢༠༡༢ལོའི་བར་ཤིང་བཟའ་དགོན་ལ་ཞིག་གསོ་ཐེངས་འགའ་བྱས་པ་དང་།དེ་དག་གི་ནང་དུ་འཇམ་དབྱངས་ཀྱིས་ཞལ་འདེབས་ཐེངས་གཅིག་ཀྱང་འཆད་དུ་བཅུག་མ་མྱོང་།ལོ་བརྒྱད་ཀྱི་རིང་ལ་ཁྱོན་བསྡོམས་སྒོར་༣༠༠༠༠ལྷག་གི་ཞལ་འདེབས་བཏང་ཡོད་པ་རེད།འདས་པའི་ལོ་ངོ་༩ལྷག་གི་རིང་ལ་གྲྭ་བཙུན་འཇམ་དབྱངས་ཀྱིས་འཚོ་བ་དཀའ་ངལ་ཅན་དང་།དགོན་པའི་འགྲོ་གྲོན་སོགས་ཀྱི་ཕྱོགས་ལ་སྒོར༡༢༨༥༠༠ཙམ་ཞལ་འདེབས་སུ་ཕུལ་ཡོད་པ་རེད།

     གོང་གསལ་གྱི་དོན་འདི་དག་ལས་ང་ཚོས་གྲྭ་བཙུན་འཇམ་དབྱངས་ནི་བྱམས་དང་སྙིང་རྗེའི་ཕྱུག་ལ་གཞན་ཕན་གྱི་བསམ་པ་རྣམ་དག་ཅིག་ཡོད་པ་ངང་གིས་ཤེས་ཐུབ།ཁོས་རང་གི་བྱ་སྤྱོད་ལ་བརྟེན་ནས་རྨ་ལྷོ་སོག་རྫོང་གི་མི་རིགས་མཐུན་སྒྲིལ་ལས་དོན་ལ་མཛད་རྗེས་ཀྱི་རྡོ་རིང་གསར་བ་ཞིག་བཞེངས་པ་དང་།རྒྱ་ཆེ་བའི་ཆོས་ལུགས་མི་སྣ་དང་ལས་རིགས་སོ་སོའི་ལས་སྒྲུབ་མི་སྣར་སློབ་སྦྱོང་བྱེད་སའི་དཔེ་སྟོན་གསར་བ་ཞིག་ཀྱང་སྐྲུན་ཡོད་པ་རེད།

གོང་མ།:སྐབས་བཞི་པའི་རྒྱལ་ཡོངས་སྤྱོད་བཟང་དཔེ་ལེགས་ཅན་གྱི་གདམ་བྱའི་འོས་མིའི་དགའ་རྟགས་ཐོབ་མཁན་ཨོ་རྒྱན་ལགས་ཀྱི་བྱ་དགའ་ཁྱེར་ནས་ཕྱིར་
འོག་མ།:null
 གསར་འཛུགས་གནས་ཚུལ།
རྨ་ལྷོ་སོག་རྫོང་ཅིས་ནུན་ཧོ་ལ'  
རྨ་ལྷོ་ཁུལ་རེབ་གོང་ས་ཁུལ་དུ་'  
རང་ཚུགས་ཀྱིས་ལས་སྒོ་གསར་སྤེལ&  
ཁུལ་ཨུའི་འཐབ་སྒྲིལ་པུའུ་ཡིས་'  
མི་རིགས་མཐུན་སྒྲིལ་དྲིལ་སྒྲོ'  
དེ་ལས་མང་བ།
 དཔེ་བཟང་མཚོན་བྱེད།
བདེ་འཇགས་ཡོད་ཚད། ཚེ་སྲོག་གི་ར&  
མི་རིགས་མཐུན་སྒྲིལ་གྱི་མེ་ཏོ'  
ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བ'  
རྨ་ལྷོ་སོག་རྫོང་ལྷ་མོའི་བླ་མ'  
རྩྭ་ཐང་ཕྱུག་ལམ་དུ་ཁྲིད་པའི་ག(  
དེ་ལས་མང་བ།
གཞན་གྱི་དགེ་མཚན་ཆུང་ངུ་།
མཚོ་སྔོན་ཞིང་ཆེན་གྱི་སྐོར་གཉ'  
ཁྲི་ཀ་རྫོང་གིས་མི་རིགས་མཐུན་'  
བདེ་ཆེན་རྫོང་གིས་མི་རིགས་མཐུ'  
མདོ་ལ་རྫོང་མུ་རི་གྲོང་རྡལ་གྱ'  
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱ'  
དེ་ལས་མང་བ།
  པར་རིས་གསར་འགྱུར།
རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲི'
དྲག་ཆས་ཉེན་རྟོག་པ་དང་ཆབ་གོར་'
དེ་ལས་མང་བ།